ཏེན་ཞུའེ་ཞང་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་ནོའུ་ཝ་ཁི་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པར་མགོ་འཛིན་བྱས།
2023.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ12པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ་ནོའུ་ཝ་ཁི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པར་མགོ་འཛིན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས15ཉིན་པེ་ཅིང་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ་ནོའུ་ཝ་ཁི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པར་མགོ་འཛིན་བྱས།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་མཛུབ་སྟོན་འོག ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཐད་ཕྱོགས་མང་བ་དང་ཁྱབ་ཁོངས་ཆེ་བ། ཆུ་ཚད་མཐོ་བའི་མཉམ་ལས་ཀྱི་རྣམ་པ་ཆགས་ཡོད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་འདྲ་མཉམ་གཉིས་ཕན་དང་དངོས་གཉེར་མཉམ་ལས་ཀྱི་མིག་དཔེ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་ནུས་ཁུངས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་ནས། བསྟུད་མར་ནུས་ཁུངས་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བབ་བསྟུན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ནུས་ཁུངས་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ནུས་ཁུངས་མཉམ་ལས་ལ་སྔར་ལས་མང་བའི་དོན་དངོས་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་རམ་འདེགས་བྱེད་དགོས།

ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་གྲོས་གཞི་གསུམ་བཏོན། གཅིག་ནས་ནུས་ཁུངས་ཉོ་ཚོང་དང་གཉིས་ཕན་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་། རྡོ་སྣུམ་དང་སོལ་རླངས་ཀྱི་ལས་གཞིའི་འཛུགས་སྐྲུན་དང་བརྟན་འཇགས་ཚོང་གཉེར་ལ་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་ཉིང་ནུས་ལས་གཞི་འཛུགས་སྐྲུན་བྱེད་དགོས། གཉིས་ནས་ནུས་ཁུངས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་དང་ཁ་ཕྱོགས་གསར་བ་རྒྱ་བསྐྱེད་དེ། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་ཆིང་ནུས། གསོག་ནུས། རིག་ནུས་ནུས་ཁུངས། ཐཱན་ཚོང་ར་སོགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས། ནུས་ཁུངས་ཁྱབ་ཁོངས་ཀྱི་སྟོད་སྨད་བར་གསུམ་གྱི་གཞི་གཅིག་ཅན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། གསུམ་ནས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚོང་རའི་དུས་ཡུན་རིང་བོའི་བདེ་ཐང་དང་བརྟན་འཇགས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱས་ནས། འཛམ་གླིང་ཡོངས་ཀྱི་དག་གཙང་ནུས་ཁུངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས།

ནོའུ་ཝ་ཁི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བས་ཆུ་ཚད་མཐོ་བའི་འཁོར་སྐྱོད་སྲུང་འཛིན་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་བརྟན་འཇགས་ངང་སྐུལ་འདེད་བཏང་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཕྱོགས་སོ་སོའི་ནུས་ཁུངས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ཕྱོགས་མང་བོའི་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚོང་ར་དང་ཐོན་སྐྱེད་མཁོ་འདོན་གྱི་ཕྲེང་འབྲེལ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།