ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲོད་དམའ་གངས་ཆར་འཁྱགས་དར་གྱི་གནོད་འཚེ་ལ་དོགས་ཟོན་བྱེད་པ་དང་ཁ་གཏད་འཇལ་བའི་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཉེ་དུས། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་རུ་གངས་ཆར་དྲག་པོ་བབས་པ་དང་། དེས་གློག་ཤུགས་མཁོ་འདོན་དང་འགྲིམ་འགྲུལ་སྐྱེལ་འདྲེན། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་གནོད་འཚེ་ཅུང་ཆེན་པོ་ཐེབས་ཡོད། དབུས་ཤར་རྒྱུད་ས་ཁུལ་དུ་ད་དུང་གྲང་ངར་ཆེན་པོ་འབྱུང་ངེས་པ་དང་། དྲོད་དམའ་གངས་ཆར་་དང་འཁྱགས་དར་གྱི་གནོད་འཚེ་འབྱུང་བའི་ཉེན་ཁ་ཆེ་བ་དང་། གནོད་འགོག་གནོད་སྐྱོབ་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཆེ་བས། ངེས་པར་དུ་ཧ་ཅང་མཐོང་ཆེན་བྱེད་དགོས།
ཞི་ཅིན་ཕིང་གི་ནན་གྱིས་བསྟན་དོན། གནམ་གཤིས་འགྱུར་ལྡོག་ལ་མཉམ་འཇོག་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་ཉེན་བརྡ་དང་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས། འགྲིམ་འགྲུལ་བགྲོད་ལམ་གནས་ཚུལ་དང་གློག་ཤུགས་སྐོར་ཞིབ་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་གངས་དར་གཙང་སེལ་བྱས་ཏེ། འགྲིམ་འགྲུལ་ལམ་དྲ་དང་གློག་དྲའི་བདེ་འཇགས་གེགས་མེད་ལ་ཁག་ཐེག་བྱེད་དགོས། སོལ་གློག་རླངས་གསུམ་གྱི་མཁོ་འདོན་ནུས་པ་མཐོར་འདེགས་གཏོང་བ་དང་། ཉེན་སེལ་རོགས་སྐྱོར་གྲ་སྒྲིག་བཟང་བོ་བྱས་ནས། ནུས་ཁུངས་འགན་སྲུང་དང་དྲོད་འདོན་དང་མཁོ་འདོན་འགན་སྲུང་བཟང་བོར་བསྒྲུབ་དགོས། གཅིག་འདོམས་བཀོད་གཏོང་བྱེད་ཤུགས་ཆེར་བསྐྱེད་པ་དང་། དམངས་ཚིས་ཚོང་རྫས་གལ་ཆེན་གྱི་ཐོན་འཚོང་དང་མཁོ་འདོན་འགན་སྲུང་ལ་ཤུགས་བསྣན་ནས། རིན་གོང་བརྟན་འཇགས་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། དོགས་ཟོན་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བ། ཉེན་ཁར་གྲལ་བཤེར་ཟབ་མོ་བྱེད་པ། ཐོལ་བྱུང་ཉེན་ཁར་ཁ་གཏད་བཟང་བོ་འཇལ་ནས། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དྲོད་ཁོལ་གྱི་དགུན་ཁ་ཞིག་རོལ་ཐུབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།