ཟླ12པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། ཨུ་ཡོན་ལྷན་ཁང་དང་ཁོངས་མི་ཡོངས་ལ་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་བོར་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་ཨ་མེ་རི་ཁའི་ལས་རིགས་སོ་སོའི་མི་སྣར་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་འཕྲད་ཡོད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་བྱས་ནས། མཉམ་དུ་འགྲན་རྩོད་གདོང་གིས་བསུ་ཐུབ་མིན་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་ལ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཤན་ཤུགས་ཐེབས་ངེས། སྔོན་ཏག་ཏག་ལ། ངས་ཅིག་ཅིན་ཧྲན་ནས་ཙུང་ཐུང་པད་ཏིན་དང་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད་ཐུན་མོང་གི་ལྟ་བ་བྱུང་། ཀྲུང་གོས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་། ཞི་བདེ་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་ནས། ཨ་མེ་རི་ཁ་དང་མཉམ་དུ་མདུན་སྐྱོད་བྱེད་པ་དང་། ཅིག་ཅིན་ཧྲན་གྱི་གྲོས་མོལ་གྱི་གྲུབ་འབྲས་ལག་བསྟར་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཨུ་མེ་རི་ཁའི་འབྲེལ་བ་བདེ་ཐང་དང་བརྟན་འཇགས། རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྤེལ་ནས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཨ་མེ་རི་ཁའི་ཁེ་ལས་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་གོ་སྐབས་སྔར་ལས་མང་པོ་བསྐྲུན་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པའི་སྦས་ཤུགས་་ཧ་ཅང་ཆེ་བ་དང་བར་སྟོང་རྒྱ་ཆེ་ལ། མདུན་ལྗོངས་ཧ་ཅང་བཟང་།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་ལྔ་བཅུའི་རིང་ལ་དཀའ་སྤྱད་འབད་འཐབ་དང་དུས་རབས་ཕྱེད་ཀར་གཉིས་ཕན་མཉམ་སྐྱོད་བྱས་ཡོད། ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ཚོགས་ཁོངས་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་དུ་མཛའ་མཐུན་འགྲོ་འོང་གི་ཟམ་ཐག་སྔར་ལས་མང་པོ་འཛུགས་པ་དང་། དངོས་གཉེར་མཉམ་ལས་ཀྱི་འབྲེལ་ཐག་སྔར་ལས་མང་པོ་བཙུགས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་རྗེས་ཕྱོགས་ཀྱི་ལོ་ལྔ་བཅུའི་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་བ་འབྲི་ཆེད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད།
ཉིན་དེར། ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཀྱང་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་འཕྲིན་ཡིག་བསྐུར།
རིན་ཆེན་མཚོས་བསྒྱུར།