ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་མཛད།
2023.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ནས་བཅོ་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཚེས་བཅུ་བཞི་ཉིན། ཞི་ཅིན་ཕིང་གིས་ནན་ཉིང་གྲོང་ཁྱེར་ལེང་ཆིན་ཆུས་ཕན་ལུང་སྡེ་ཁུལ་དུ་རྟོག་ཞིབ་མཛད་སྐབས། སྡེ་ཁུལ་དེའི་རིགས་སོ་སོའི་མང་ཚོགས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད། 

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་མཛད་སྐབས། ཀོང་ཞི་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་།ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་འཐབ་ཇུས་ལས་འགན་ལ་སྟངས་འཛིན་ནན་མོ་བྱས་ནས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་སྟེ། བསམ་བློ་བཅིངས་འགྲོལ་དང་གསར་གཏོད་ལ་བརྟེན་ནས་འགྱུར་ལྡོག་ཡོང་ཐབས་བྱེད་པ། མཚོ་བརྟེན་གོང་སྤེལ། སྒོ་འབྱེད་འཕེལ་རྒྱས་བཅས་བྱས་ཏེ། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུར་འབད་བརྩོན་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛེས་པའི་ཀོང་ཞི་བསྐྲུན་པའི་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་བྱས་ཏེ། དེང་རབས་ཅན་གྱི་ཀོང་ཞི་ཡི་ལེའུ་གསར་པ་འབད་པས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཟླ12པའི་ཚེས13ཉིན། ཞི་ཅིན་ཕིང་གིས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་ཚར་རྗེས་ཕྱིར་རྒྱལ་ནང་དུ་ཕེབས། ཚེས14ཉིན་ནས་ཚེས15ཉིན་བར་དུ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལིའུ་ཉིང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ལན་ཐེན་ལིས་གཉིས་ཀྱི་ཕེབས་རོགས་འོག་ཏུ། སྔ་རྗེས་སུ་ནན་ཉིང་དང་ལའེ་པེན་སོགས་སུ་ཕེབས་ནས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་གཞི་དང་སྡེ་ཁུལ། གྲོང་གསེབ། ཁེ་ལས་སོགས་སུ་རྟོག་ཞིབ་མཛད།

ཚེས14ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཐོག་མར་ནན་ཉིང་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཆ་འཕྲིན་བསྟི་གནས་མ་རྐང་ཚད་ཡོད་ཀུང་ཟིར་རྟོག་ཞིབ་མཛད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་བསྟི་གནས་འཛུགས་སྐྲུན་གཉེར་སྐྱོང་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ལ། ཕིང་ལུའུ་མིས་བཟོས་གཙང་པོའི་བྱེ་གཞོང་དང་ཟུང་འབྲེལ་བྱས་ནས། ནུབ་རྒྱུད་ཀྱི་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པའི་རྐང་འཛིན་བཟོ་སྐྲུན་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན།  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་བསྟི་གནས་བསྐྲུན་རྒྱུ་ནི། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀོང་ཞི་ཡིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དང་བཀོལ་སྤྱོད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་སྣོན་དགོས་ཞེས་གསུངས།

ནན་ཉིང་གྲོང་ཁྱེར་ལེང་ཆིན་ཆུས་ཕན་ལུང་སྡེ་ཁུལ་ནི་མི་རིགས་མང་བའི་འདུས་སྡོད་ས་ཁུལ་ཞིག་ཡིན། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ། ཡུལ་དངོས་ནས་ལས་བྱེད་མི་སྣས་ཕུལ་བའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་དམངས་ཕན་ཁེ་ལས་ལ་སྐུལ་འདེད་གཏོང་བཞིན་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་གཉེར་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་ནས། ཁོ་ཚོས་ཏང་འཛུགས་སྣེ་འདོམས་ལ་བརྟེན་ནས་གོང་བུར་འགྲིལ་ཤུགས་གྲུབ་པར་བྱེད་པ་དང་ཞབས་ཞུ་གཙོར་བཟུང་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བྱེད་སྟངས་ལ་ཁས་ལེན་གནང་།  རིག་རྩལ་བྱེད་སྒོ་ཁང་དུ་ཁོང་གིས་སྤྲོ་སྣང་ཆེན་པོས་སྡེ་ཁུལ་གྱི་གྲོང་མིས་ཡིག་གཟུགས་སྦྱོང་བ་དང་གླུ་གཞས་མཉམ་ལེན་བྱེད་ཀྱིན་པའི་རྣམ་པར་གཟིགས་རྗེས་ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་གསུང་གླེང་གནང་བ་དང་། སྡེ་ཁུལ་གྱིས་འཇོན་མི་དང་བྱེད་སྒོ་སྤེལ་ཡུལ་སོགས་ཀྱི་ཐོན་ཁུངས་གང་ལེགས་སྒོས་སྤྱོད་རྒྱུ་དང་། བདེ་ཐང་ཕན་ལྡན་དང་བློ་གྲོས་རྒྱས་པར་ཕན་པ་སོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཏེ། དྲང་ནུས་སྔར་ལས་ཆེན་པོ་འཕེལ་བར་བྱེད་དགོས་པའི་ཐད་ནས་སྐུལ་ལྕག་གནང་། ཞི་ཅིན་ཕིང་གིས་སྡེ་ཁུལ་ནི་གཞི་རིམ་རང་སྐྱོང་གི་གཞི་རྩའི་སྡེ་ཚན་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གཞི་རིམ་གྱི་རྨང་གཞི་ཡིན། སྡེ་ཁུལ་ཞེས་པའི་ལས་སྟེགས་འདི་བརྒྱུད་ནས།“རྒས་དུས་འཚོ་རྟེན་ཡོད་པ”སོགས་ཀྱི་དམངས་ཚིས་དོན་དངོས་དང་སྤྱི་པའི་ལས་དོན་ལེགས་པོར་བསྒྲུབ་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་འབད་པས་ལན་སྟེར་རྒྱུ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རིམ་བཅོས་སྐྱོང་བྱེད་པའི་དགེ་མཚན་མངོན་གསལ་གསལ་ཅན་ཞིག་ཡིན་པས། དགེ་མཚན་འདི་འདོན་སྤེལ་གང་ལེགས་བྱེད་དགོས། མི་རིགས་མང་བའི་མང་ཚོགས་བར་ཕན་ཚུན་མཛུབ་སྟོན་རྣམ་པའི་སྡེ་ཁུལ་བསྐྲུན་རྒྱུ་ནི། མི་རིགས་སོ་སོའི་མང་ཚོགས་བར་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཀོང་ཞི་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པར་ཅིས་ཀྱང་གཞི་རིམ་གྱི་སྡེ་ཁུལ་ནས་དམ་འཛིན་བྱས་ཏེ། སྡེ་ཁུལ་འཛུགས་སྐྲུན་དང་སྡེ་ཁུལ་ཞབས་ཞུ། སྡེ་ཁུལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་བཅས་ལ་བརྟེན་ནས། མི་རིགས་སོ་སོའི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ངང་ཚུལ་བཟང་པོ་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་སྔར་ལས་ལེགས་པོ་ཡོང་བར་བྱེད་དགོས་ཞེས་གསུངས།

སྡེ་ཁུལ་དང་ཞལ་གྱེས་སྐབས་མི་རིགས་སོ་སོའི་མང་ཚོགས་ཚང་མས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་སྐྱེལ་མ་ཞུས། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ངས་ཁ་སང་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་བྱས་ཚར་ནས་ཐད་ཀར་ཀོང་ཞི་ལ་རྟོག་ཞིབ་བྱེད་དུ་ཡོང་བ་ཡིན། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ། ཀོང་ཞི་ཡི་སྒོ་འབྱེད་འཕེལ་རྒྱས་ལ་ཕན་པ་སྔར་ལས་ཆེན་པོ་ལྡན་ཞིང་། མཛེས་པའི་ཀོང་ཞི་ལ་མདུན་ལམ་ཆེན་པོ་ཡོད། ཀོང་ཞི་ནི་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་ཤོས་ཀྱི་རང་སྐྱོང་ལྗོངས་ཡིན་པས། མི་རིགས་སོ་སོའི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་མི་རུང་། སྡེ་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་བར་འགྲོ་འོང་མང་དུ་བྱས་ཏེ། ཚང་མས་ཕན་ཚུན་རོགས་རམ་དང་བློས་ཐུབ་གྲོགས་པོ། ཁྱིམ་མཚེས་འཆམ་མཐུན་བཅས་བྱས་ནས། མཉམ་དུ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཚེས14ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ལའེ་པེན་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་མཛད།  རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཧོང་ཨན“གཉིས་མཐོའི”མངར་ཆའི་རྒྱུ་ཆ་སྤུས་དག་བུར་ཤིང་རྟེན་གཞི་རུ། ཞི་ཅིན་ཕིང་གིས་མུའུ་ཁྲི་ཡི་བུར་ཤིང་ནགས་ཚལ་དང་འཕྲུལ་ཆས་ཅན་གྱི་འབྲེག་སྡུད་བྱ་ཡུལ་ལ་གཟིགས་ཞིབ་གནང་ནས། རྟེན་གཞིའི་གནས་ཚུལ་གྱི་ངོ་སྤྲོད་ལ་གསན། ཁོང་བུར་ཤིང་ཁྲོད་དུ་ཕེབས་ནས། བུར་ཤིང་སོན་བཟང་གསོ་སྤེལ་ལག་རྩལ་གྱི་རྩ་གནད་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། བུར་ཤིང་འདེབས་མཁན་དང་ཞིང་ཆས་འཕྲུལ་ཆས་སྐོར་མཁན། ཞིང་ལས་ལག་རྩལ་མི་སྣ་བཅས་དང་མཉམ་དུ་བྱམས་བརྩེའི་ངང་གསུང་གླེང་གནང་། ཞི་ཅིན་ཕིང་གིས་ཀོང་ཞི་ནི་རང་རྒྱལ་གྱི་བུར་ཤིང་གི་ཐོན་ཁུལ་གཙོ་བོ་ཞིག་ཡིན་པས། ཁྱད་ལྡན་ལེགས་ལྡན་ཐོན་ལས་སྔར་ལས་སྟོབས་ལྡན་དུ་བཏང་ནས། རྒྱལ་ཁབ་ཀྱི་མངར་ཆའི་ལས་རིགས་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་དང་། བུར་ཤིང་གཉེར་སྐྱོང་བྱེད་མཁན་གྱི་ཞིང་པར་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས། སོན་བཟང་སྐྱེད་སྲིང་དང་ཁྱབ་བརྡལ་གང་ལེགས་གཏོང་བ་དང་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནས། དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་ཡག་པོ་བྱེད་དགོས། སྔར་བས་བརྟན་བརླིང་གི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཚོལ་ཞིབ་བྱས་ནས་དངོས་སུ་བཙུགས་ཏེ། རྒྱ་ཆེའི་ཞིང་པ་རྣམས་ལ་གྲོང་གསེབ་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ཡུལ་མི་ཚོའི་འཚོ་བ་བུར་ཤིང་བཞིན་ཞིམ་པོ་ཡོང་བའི་སྨོན་འདུན་ཞུས།

དེའི་རྗེས་ཞི་ཅིན་ཕིང་ལའེ་པེན་ཏུང་ཐང་ཧྥུན་ཧོང་ཚད་ཡོད་ཀུང་ཟིར་ཕེབས་ནས་རྟོག་ཞིབ་མཛད། ཁོང་གིས་ཐོན་སྐྱེད་འཁོར་ཁང་དུ་ཀ་ར་བཟོ་བའི་བཟོ་རྩལ་དང་ལས་སྒྲུབ་བརྒྱུད་རིམ་ལ་གཟིགས་ཞིབ་གནང་ནས། ཀུང་ཟིའི་འགྲེམས་ཁང་དུ་མངར་ཆའི་ལས་རིགས་ཀྱི་ཐོན་རྫས་ཀྱི་རིགས་དང་ཁྲོམ་རའི་ཐོབ་ཆ། འཕེལ་རྒྱས་འགྲོ་ཕྱོགས་བཅས་ལ་རྒྱུས་ལོན་གནང་། ཁོང་གིས་རང་རྒྱལ་གྱི་མངར་ཆའི་ལས་རིགས་འདི་ཉིད་རྒྱལ་སྤྱིའི་འགྲན་རྩོད་ཆེན་པོ་དང་འཕྲད་ཡོད་པས། རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་བླང་བྱ་གཞིར་བཟུང་ནས་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་སྣུར་སྲིང་བྱེད་པ། ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བ། སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། མ་རྩ་ཇེ་དམའ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། ཀུང་ཟི་དང་ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་སྐྱེལ་མ་བྱེད་མཁན་གྱི་ལས་བཟོ་པ་ཚོར་ཀ་ར་ནི་ཞོར་ཟས་གལ་ཆེན་ཞིག་ཡིན་པས། ཚང་མས་དེའི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱས་ནས། ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་ཡོད། ཚང་མས་མུ་མཐུད་དུ་ལག་རྩལ་གསར་པར་སློབ་སྦྱོང་དང་བཟོ་རྩལ་གསར་པ་སྤྱད་དེ། མངར་ཆའི་ལས་རིགས་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་པ་འཇོག་པའི་རེ་ལྟོས་ཆེ་ཞེས་གསུངས།

ཚེས15ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ནས། ཀོང་ཞི་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་།

ཞི་ཅིན་ཕིང་གིས་ཀོང་ཞི་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཐོན་ལས་སྟོབས་ལྡན་དུ་གཏོང་བའི་ལས་དོན་ཡག་པོར་སྒྲུབ་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི་དངོས་ནས་རྐང་ཚུགས་པར་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ལ་དམ་པོར་དམིགས་པ། ཁྱད་ལྡན་ཐོན་ཁུངས་གཅིག་སྡུད་བྱས་ནས། ཀོང་ཞིའི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་སྒོས་མངོན་པར་བྱེད་རྒྱུ་དང་། གཞི་ཁྱོན་ཆེ་ཞིང་སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེ་བའི་རྐང་འཛིན་ཐོན་ལས་ཁག་གཅིག་མགྱོགས་མྱུར་ངང་བསྐྲུན་དགོས། ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། སློབ་གསོ་དང་ཚན་རྩལ་གྱི་འཇོན་མིའི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་དང་། ཚན་སློབ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། འགག་རྩར་ཐུག་པའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལག་རྩལ་སྒྱུར་བཀོད་དང་ཐོན་རྫས་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། མཚོ་རྒྱུད་དང་འབྲི་ཆུའི་རྒྱུད་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱ་མཚོའི་དཔལ་འབྱོར་དང་གྲུ་ཁ་དང་འབྲེལ་བའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་མ་ལག་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་ནུས་ལྡན་གཏོང་བ། ནགས་ལས་ཐོན་ལས་དང་རིག་གནས་དང་ཡུལ་སྐོར་ཐོན་ལས། རྒན་གསོའི་ཐོན་ལས། བདེ་ཐང་ཐོན་ལས་ཆེན་པོ་བཅས་སྔར་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། སྐྱེ་ཁམས་ཀྱི་དགེ་མཚན་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀོང་ཞི་ཡིས་ནང་ཕྱོགས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་དགོས། ཕྱི་ནང་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་གསོན་ཤུགས་སྔར་ལས་ཆེ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་། མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཐོན་ལས་བཀོད་སྒྲིག་བྱེད་ཚུལ་གསར་པ་དང་འབྲེལ་མཐུད་གང་ལེགས་བྱེད་པ། ཐོན་ལས་སྐས་རིམ་བཞིན་སྤོ་སྒྱུར་བྱེད་དགོས་ངེས་ཀྱི་རིགས་ངེས་པར་དུ་གོ་རིམ་ལྡན་པའི་སྒོ་ནས་དང་ལེན་བྱེད་པ། བྱང་རྒྱུད་མཚོ་ཁུག་དཔལ་འབྱོར་ཁུལ་དང་ཀྲུའུ་ཅང་གཙང་པོའི་དཔལ་འབྱོར་ཁུལ་གྱི་གསར་སྤེལ་གསར་འབྱེད་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཀོང་ཞི་འདི་ཉིད་ཀོང་ཏུང་དང་ཞང་ཀང་། ཨོ་མིན་མཚོ་ཁུགས་ཆེན་པོའི་ཁུལ་གྱི་འཐབ་ཇུས་ཀྱི་ལྟེ་གནས་གལ་ཆེན་དུ་འགྱུར་བར་བྱེད་དགོས། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་མཉམ་དུ་བསྐྲུན་ནས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་གལ་ཆེན་ཁག་གཅིག་ལག་བསྟར་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཕིང་ལུའུ་མིས་བཟོས་གཙང་པོ་བཟོ་བ་དང་། ཆུ་ཚད་མཐོ་བའི་སྒོ་ནས་བྱང་རྒྱུད་མཚོ་ཁུགས་རྒྱལ་སྤྱིའི་སྒོ་མོ་དང་གྲུ་ཁ་བསྐྲུན་པ། གཙང་པོའི་ལྕགས་ལམ་དང་མཚོ་ཐོག་གི་རྣམ་པ་མང་བའི་མཉམ་འདྲེན་ནུས་པ་དང་རང་འགུལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཞབས་འདེགས་གང་ལེགས་ཞུ་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་ཕན་ཚུན་བར་ཚོང་དོན་དང་ངལ་རྩོལ། ཐོན་ལས། ཚན་རྩལ། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཚོང་རའི་གཉེར་སྐྱོང་སྟབས་བདེ་ཁུལ་བསྐྲུན་པ་བཅས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་སིམ་འདྲེས་ཡོང་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་གྲོང་གསེབ་དར་སྤེལ་གཏོང་རྒྱུ་ནི་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པས། འཆར་འགོད་དོན་འཁྱོལ་དང་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་འཕར་ཡོང་བར་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲུ་རིགས་དོ་སྙོམས་ངང་ཐོན་འཕར་ཡོང་བར་བྱེད་དགོས། ཀོང་ཞིའི་ནགས་ཚལ་དང་ཤིང་འབྲས། སྔོ་ཚོད། མངར་ཆ་སོགས་ཁྱད་ལྡན་ཐོན་ཁུངས་ཀྱི་བཟང་ཆ་འདོན་སྤེལ་བྱས་ནས། དེང་རབས་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཞིང་ལས་སྤུས་རྟགས་རྩེར་སོན་སྔར་ལས་མང་པོས་འབྲི་ཆུའི་ལྷོ་བྱང་གཉིས་སུ་སྐད་གྲགས་ཆོད་པར་བྱེད་དགོས། བཟོ་ཚོང་མ་རྩ་གྲོང་གསེབ་ཏུ་གཏོང་བར་སྐུལ་ལྕག་བྱེད་དགོས་ལ། ཚད་མཐའ་དམ་སྲུང་བྱས་ཏེ། རྨོ་ཞིང་སྟེང་དུ་ཞིང་ལས་མ་ཡིན་པའི་ལས་རིགས་གཉེར་བ་དང་འབྲུ་རིགས་མ་ཡིན་པའི་ལས་རིགས་གཉེར་སྐྱོང་བྱེད་པར་སྔོན་འགོག་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་མ་ལག་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ། མི་སྡོད་ཁོར་ཡུག་བཅས་ལེགས་བཅོས་བྱས་ནས། གྲོང་ཚོ་ཧྲིལ་པོའི་རྣམ་པ་དང་ཞིང་པའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ། གཞི་ཁྱོན་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་པོར་མི་འགྱུར་བར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀོང་ཞི་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་ལས་དོན་ཁག་གི་གཙོ་རྐང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་སྐུལ་འདེད་གཏོང་བའི་རྩ་བའི་ཁ་ཕྱོགས་སུ་བརྩིས་ནས། མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་བསྐྲུན་པའི་ལས་དོན་འདི་ཉིད་དཔལ་འབྱོར་དང་སློབ་གསོ། ལས་ཞུགས། སྡེ་ཁུལ་འཛུགས་སྐྲུན། རིག་གནས་འཛུགས་སྤེལ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་ལས་དོན་སོ་སོའི་ཁྲོད་དོན་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དགོས། གང་ནུས་ཅི་ལྕོགས་དང་རྒྱུན་འཁྱོངས་ལྷོད་མེད་སྒོས་ལས་ཞུགས་དང་སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་སྐྱོང་སོགས་དམངས་ཚིས་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་དང་ས་ཁོངས་ཀྱི་ཁྱད་པར། མི་རིགས་ཀྱི་ཧེ་བག་བཅས་རིམ་བཞིན་ཇེ་ཆུང་དུ་བཏང་ནས། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ནན་མོ་གཏོང་དགོས། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་འགུལ་སྐྱོད་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱུ་ནི་ལས་དོན་ཁག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པའི་དཔུང་སྡེ་ཡི་བྱང་ཚད་དང་ནུས་པ་ཟམ་མི་ཆད་པར་ཇེ་མཐོར་གཏོང་བ། ཏང་ཡོན་ལས་བྱེད་པས་སྲིད་དོན་གཙང་སྐྱོང་དང་སྤྱོད་གཙང་ལས་སྒྲུབ་བྱེད་པར་སྐུལ་ལྕག་གཏོང་བ་བཅས་བྱེད་དགོས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་ཚར་ལ་ཉེ་བའི་དབང་གིས། མགོ་ཡོད་མཇུག་ཡོད་སྒོས་བསླབ་ནས་བསམ་བློ་བསྐྲུན་པ་དང་བསླབ་ནས་རིག་སྟོབས་འཕེལ་བར་བྱེད་པ། བསླབ་ནས་སྤྱོད་ཚུལ་བསྲོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ལོ་མཇུག་དང་ལོ་མགོར་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྲོམ་རའི་མཁོ་སྤྲོད་དང་དམངས་ཚིས་ལ་འགན་ལེན་ཡག་པོ་བྱེད་པ་དང་། ཞིབ་ཚགས་ཅན་གྱི་སྒོ་ནས་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པ། ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་གཏོང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དོ་སྣང་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱིས་དུས་ཆེན་སྤྲོ་སྣང་ངང་རོལ་བ་དང་ཞི་མཐུན་ཡོང་བར་འགན་ལེན་བྱེད་དགོས། ཉེ་བའི་ཉིན་འདི་དག་གི་རིང་ལ། རང་རྒྱལ་གྱི་ཧྭ་བྱང་དང་ཧོང་ཧོའེ་སོགས་ས་ཁུལ་དུ་ཁ་བ་འབྲིང་ཙམ་ནས་ཆེན་པོ་བསྟུད་མུར་བབས་ནས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པར་བརྟེན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་དེར་དོ་ཁུར་ཆེན་པོ་བྱས་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་གནོད་འཚེ་ཇེ་ཆུང་དུ་གཏོང་ཅི་ཐུབ་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་མཛད་རོགས་བྱས།

ཝང་དབྱི་དང་ལིས་ཀན་ཅེ། ཧི་ལིས་ཧྥུན། ཝང་ཞའོ་ཧུང་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་བྱེད་རོགས་བྱས་པ་དང་། བརྗོད་དོན་སློབ་གསོའི་ཀྲུང་དབྱང་གི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་གཅིག་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།

ཟླ12པའི་ཚེས15ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ནན་ཉིང་དུ་ཡོད་པའི་ནན་ཉིང་དམག་དཔུང་གི་ཧྲང་ཞའོ་དམག་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ནན་ཉིང་དུ་ཡོད་པའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ལས་གཞན། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན། ཀྲང་ཡིའུ་ཞ་ཡིས་མཉམ་དུ་མཇལ་འཕྲད་གནང་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།