ཟླ12པའི་ཚེས16ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་ཉེར་བཞི་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། 《སྐབས་ཉི་ཤུ་པའི་ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད》ཅེས་པ་སྤེལ།
རྩོམ་ཡིག་ལས་ལས་ཁུངས་ཀྱི་སྒྲིག་ཁོངས་ནི་ཆབ་སྲིད་ཀྱི་ཐོན་ཁུངས་དང་སྲིད་འཛིན་གྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་། ལས་ཁུངས་ཀྱི་སྒྲིག་ཁོངས་ལས་དོན་ནི་ཏང་གི་དུས་ཡུན་རིང་པོའི་སྲིད་འཛིན་ནུས་པ་དང་རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ལས་དོན་གལ་ཆེན་ཞིག་ཡིན་པས། རང་རེའི་ཏང་གིས་ལས་དོན་དེར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་ལ། ཀྲུང་དབྱང་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་བསྒྲུབས་པ་དོན་ཐོག་ཏུ་འཁྱོལ་བ་དང་ལས་དོན་ནུས་ལྡན་དང་ཕན་འབྲས་ལྡན་པའི་ངང་བསྒྲུབས་པའི་དབང་གིས། ལས་ཁུངས་སྒྲིག་ཁོངས་ལས་དོན་གྱི་དབང་གྲགས་རང་བཞིན་དང་ཚན་རིག་དང་མཐུན་པའི་རང་བཞིན། གཟབ་ནན་རང་བཞིན་བཅས་ཟམ་མི་ཆད་པར་ཇེ་དྲག་ཏུ་ཕྱིན། ལས་དོན་གཉེར་བའི་ཁྲོད་ཉམས་མྱོང་རྩ་ཆེན་བསགས་ནས་ཆོས་ཉིད་རང་བཞིན་ལྡན་པའི་ངོས་འཛིན་གྲུབ་པར་བྱས་ཡོད་ཅིང་། དེ་ནི་ངེས་པར་དུ་ཏང་ཀྲུང་དབྱང་གིས་ལས་ཁུངས་ཀྱི་སྒྲིག་ཁོངས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་སྒོས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་བྱ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་མཐུན་སྦྱོར་དང་ཕན་འབྲས་ཆེ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ལས་ཁུངས་བཅོས་སྒྱུར་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ“ཆུང་གཏོང”དང“ཆེ་གཏོང”ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། ལས་ཁུངས་སྒྲིག་ཁོངས་ཀྱི་ཁྲིམས་གཏན་རང་བཞིན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དེ་མིན་ད་དུང་ཉམས་མྱོང་འདི་དག་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
རྩོམ་ཡིག་ལས་ཀྲུང་དབྱང་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འགན་ནུས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དང་། ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཏང་གི་སྲིད་འཛིན་ཐོན་ཁུངས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་འགན་འཁྲི་དང་ལས་འགན་གལ་ཆེན་འཁུར་ཡོད། བྱ་བའི་ཁྲོད་དུ་ཕྱོགས་གསུམ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་ཏང་ཀྲུང་དབྱང་གིས་ལས་ཁུངས་སྒྲིག་ཁོངས་བྱ་བར་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱུ་དེ་དུས་རབས་གསར་པའི་ལས་ཁུངས་སྒྲིག་ཁོངས་བྱ་བའི་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཚམ་པའི་ལས་ཁུངས་ཀྱི་འགན་ནུས་མ་ལག་དང་སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་དེ་དུས་རབས་གསར་པའི་ལས་ཁུངས་སྒྲིག་ཁོངས་བྱ་བའི་ལས་འགན་གཙོ་བོར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ལས་ཁུངས་ཀྱི་སྒྲིག་ཁོངས་ལས་དོན་ཡག་པོར་སྒྲུབ་པར་གཤམ་གསལ་གྱི་གནད་དོན་ཁ་ཤས་ལ་དོ་སྣང་བྱེད་དགོས་པ་སྟེ། གཅིག་ནས་རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་ཀྱི་ཇུས་འགོད་ལ་ཤུགས་སྣོན་དགོས། གཉིས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་གཙོ་གནད་ལས་དོན་ལ་ཞབས་ཞུ་དང་འགན་སྲུང་བྱ་རྒྱུ་དེ་གནས་བབ་མངོན་གསལ་སྟེང་འཇོག་དགོས། གསུམ་ནས་ལས་ཁུངས་ཀྱི་སྒྲིག་ཁོངས་བྱ་བའི་གཞི་རིམ་གྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་འཛུགས་དགོས། བཞི་ནས་ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་ལ་དོ་དམ་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།
རྩོམ་ཡིག་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་རྩ་འཛུགས་ལག་བསྟར་ལས་དོན་ཡག་པོར་སྒྲུབ་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། བརྟན་བརླིང་ཡིན་ལ་གོ་རིམ་ལྡན་པའི་སྒོ་ནས་ལས་ཁུངས་བཅོས་སྒྱུར་རྩ་འཛུགས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་རིམ་པའི་ལས་ཁུངས་བཅོས་སྒྱུར་དང་རྩ་འཛུགས་ལས་དོན་ཞིབ་ཚགས་ངང་ལག་བསྟར་ཡག་པོ་བྱས་ནས། གཏན་འབེབས་དུས་ཚད་ནང་སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་དབྱང་རིམ་པའི་བཅོས་སྒྱུར་ལས་འགན་ཡོངས་འགྲུབ་ཐད་འགན་ལེན་བྱེད་དགོས། ས་གནས་ཀྱི་ལས་ཁུངས་བཅོས་སྒྱུར་དང་རྩ་འཛུགས་ལག་བསྟར་ལ་་མཐོང་ཆེན་བྱེད་དགོས་པར་མ་ཟད། ལེགས་པོ་ཡོང་བར་འབད་དགོས། ས་གནས་ཀྱི་ལས་ཁུངས་བཅོས་སྒྱུར་དེ་ཀྲུང་དབྱང་རིམ་པའི་བཅོས་སྒྱུར་དང་སྤྱི་འདོམས་འབྲེལ་མཐུད་ནུས་ལྡན་བྱས་ནས་རིམ་པ་བཞིན་སྐུལ་འདེད་ནན་མོ་གཏོང་དགོས། ལས་ཁུངས་བཅོས་སྒྱུར་རྩ་འཛུགས་དང་ལག་བསྟར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་སྒྲིག་ཁྲིམས་ནན་མོར་བརྟེན་དགོས། ཏང་ཀྲུང་དབྱང་གི་ལས་ཁུངས་བཅོས་སྒྱུར་བྱ་རྒྱུའི་སྐོར་གྱི་སྒྲིག་ཁྲིམས་བླང་བྱ་བརྩི་སྲུང་ནན་མོ་བྱས་ནས། དགོངས་སྐོར་དང་སྙན་ཞུ་འབུལ་བའི་ལམ་ལུགས་ནན་སྲུང་བྱེད་དགོས་ཞེས་གསུངས།
རྩོམ་ཡིག་ལས་རིམ་པ་སོ་སོའི་སྒྲིག་ཁོངས་གཞུང་སྒྲུབ་ཁང་གིས་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ནས། སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཇུས་འདོན་ལས་རོགས་པ་ཡག་པོ་ཞིག་བྱེད་དགོས། མགོ་ཁྲིད་ཚན་ཁག་ལེགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་ཁོངས་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་པར་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་སྒྲིག་ཁོངས་ལས་དོན་ལ་མཐོང་ཆེན་གང་ལེགས་བྱེད་དགོས་པ་དང་། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་ཁོངས་གཏོགས་དོ་དམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ཏང་གིས་སྒྲིག་ཁོངས་ལས་དོན་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།