ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་ས་གནས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་།
2023.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

བསྟུད་མུར་ཉིན་འགའི་རིང་ལ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་ས་གནས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་དུ། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་མ་ལག་ཆ་ཚང་བའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་་དང་འགག་རྩ་ཁོང་དུ་ཆུད་པར་བྱེད་པ། དཔལ་འབྱོར་ལས་དོན་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཆར་གཞི་བརྗིད་ཉམས་ཅན་འདི་གོམ་པ་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་འབད་དགོས་ཞེས་བསྟན།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་དུ། 2023ལོའི་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གསལ་ཐག་ཆོད་པ་བྱས། ཚང་མར་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཅི་ཡོད་ཐེག་ཐུབ་པར་བྱས་པ་དང་། ནང་ཁུལ་གྱི་དཀའ་ངལ་ཁྱད་སེལ་བྱས་པ། རང་རྒྱལ་གྱི་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བར་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གཙོ་གནད་ལས་འགན་ཁག་དགུ་བཀོད་སྒྲིག་བྱས་ཡོད། ཚང་མས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་པར་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོར་འཛིན་པ། རང་འགུལ་ངང་བྱས་རྗེས་འཇོག་ཕོད་པ་བཅས་བྱེད་དགོས་པར་ངོས་འཛིན་བྱེད་ཀྱིན་ཡོད།

གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཕྱོགས་དང་པོ་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་ཕྱོགས་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ལས་རིགས་སོ་སོའི་མི་ཚང་མར་སྙིང་སྟོབས་ཞུམ་མེད་སྒོས་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་བཞིན་ཡོད། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཡིད་ཆེས་བརྟན་པོ་དང་གསར་སྤེལ་ཡར་བརྩོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཁག་མངོན་འགྱུར་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་དངོས་དང་ཕན་འབྲས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།