ཟི་ལིང་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་རྒྱའི་རྐང་འཛིན་ཐད་འབྲེལ་བྱེད་གནས་སྒོ་འབྱེད་བྱ་འགུལ་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཀྲང་ཡུན་མེན་གྱིས་ཤིས་ཚིག་ཕུལ།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་བཅས་ཀྱི་ཚབ་བྱས་ནས་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་འབྲེལ་ཡོད་ཕྱོགས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ཟི་ལིང་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་རྒྱའི་རྐང་འཛིན་ཐད་འབྲེལ་བྱེད་གནས་སྒོ་འབྱེད་བཀོལ་སྤྱོད་བྱས་པ་དེས། མཚོ་སྔོན་རྒྱལ་ཡོངས་ཀྱི་མཉམ་འབྲེལ་དྲ་རྒྱའི་ཐོག་རིམ་སྒྲོམ་གཞིའི་ཁྲོད་ཚུད་པ་མཚོན་ཐུབ་ལ། རྒྱལ་ཁབ་རྩིས་ཤུགས་ཐོན་ཁུངས་ཀྱི་འདོན་སྤྲོད་གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་ཐད་ཤན་ཤུགས་ཐེབས་ངེས་པ་དང་། མཚོ་སྔོན་ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་ཀྱི་བཀོད་སྒྲིག་ཁྲོད་འདྲེས་པར་བྱེད་པ་དང་། གཞི་གྲངས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་ཆེན་པོ་དམ་འཛིན་བྱེད་པ། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་ལ་རྒྱབ་བརྟེན་པ། ལྗང་གློག་དང་གཞི་གྲངས་ཀྱི་དགེ་མཚན་ཆེར་བསྐྱེད་པ། ཚོང་རའི་ཁྲིད་ཕྱོགས་ཀྱི་ལྗང་མདོག་ཐཱན་དམའི་རྩིས་ནུས་བེད་སྤྱོད་མ་ལག་འཚོལ་ཞིབ་བྱེད་པ་དང་འཛུགས་སྐྲུན་བྱེད་པ། གཞི་གྲངས་ཐོན་ལས་ལྗང་མདོན་ཅན་དང་གཞི་ཁྱོན་ཅན། འདུ་རུབ་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། མཚོ་སྔོན་གྱི་ལྗང་མདོག་རྩིས་ཤུགས་ཚོང་རྟགས་མིང་དུ་གྲགས་པར་བྱེད་པ། རྒྱལ་ཁབ་ཀྱི་གཞི་གྲངས་ཞར་གསོག་བྱེད་ས་གལ་ཆེན་དང་རྩིས་ཤུགས་ཞབས་ཞུ་ཕྱིར་གཏོང་ས་གསར་སྐྲུན་བྱས་ཏེ། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་ལག་བསྟར་བྱེད་ཆེད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། ང་ཚོས་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་མཚོ་སྔོན་དུ་ཡོང་ནས་མཉམ་དུ་རྩིས་ཤུགས་དང་གློག་ཤུགས། སྒུལ་ཤུགས་ཀྱི་ལེའུ་གསར་བར་ཇུས་འགོད་བྱེད་པར་དགའ་བསུ་བྱེད་ཀྱིན་ཡོད་པ་དང་། གྲངས་གློག་མཉམ་ལས་དང་གྲངས་དངོས་མཉམ་བསྲེས། ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། གཞི་གྲངས་དཔལ་འབྱོར་གྱི་མཚོ་སྔོན་གསར་བ་མཉམ་འཛུགས་བྱེད་དགོས།
ཀྲུང་ཡུན་མེན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ཁུལ་གནས་ཀྱི་དགེ་མཚན་ཁྱད་དུ་འཕགས་པ་དང་ཐོན་ཁུངས་དགེ་མཚན་འབུར་དུ་ཐོན་ལ། ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེ་བ་དང་སྦས་ཤུགས་ཧ་ཅང་ཆེ། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་པ་དང་། ནམ་ཟླ་བསིལ་བ་དང་ལྗང་གློག་ཕུན་སུམ་ཚོགས་པ། ས་རྒྱ་ཆེ་བ་སོགས་ཀྱི་དགེ་མཚན་ལ་ཟུང་འབྲེལ་བྱས་ཤིང་། ཟུར་སྣོན་རིན་ཐང་མཐོ་བའི་ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་བ་བཀོད་དེ། གཞི་གྲངས་ཆེན་པོའི་ལྟེ་གནས་སོགས་ཀྱི་རིགས་གསར་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཟི་ལིང་རྐང་འཛིན་ཐད་འབྲེལ་བྱེད་གནས་ཀྱི་དུས་བཀག་ལྟར་འཛུགས་སྐྲུན་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱས་པ་དེས། མཚོ་སྔོན་ཞིང་ཆེན་དང་མཐའ་འཁོར་ས་ཁུལ་གྱི་དྲ་རྒྱའི་འཕྲིན་གཏོང་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ་དང་། མཐོ་སྒང་གི་གཞི་གྲངས་ཐོན་ལས་འདུ་རུབ་ས་ཁུལ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པའི་རྩིས་ཤུགས་སྒྲིག་ཆས་འཛུགས་སྐྲུན་ལ་འདེགས་སྐྱོར་བྱས་ནས། འཕར་སྣོན་གྱི་སྒུལ་ཤུགས་གསར་བ་གྲུབ་པར་རོགས་འདེགས་བྱེད་ངེས། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། འཁོར་རྒྱུག་དོ་དམ་ལ་ཤུགས་སྣོན་དགོས།
ཐེངས་འདིའི་བྱ་འགུལ་ཡུལ་དངོས་ནས་ད་དུང་བརྗོད་དོན་འཆད་ཁྲིད་དང་གྲོས་མཐུན་འགོད་པའི་བྱ་འགུལ་སྤེལ།
ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།