ཁྲིན་ཀང་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2023.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སོང་ནས། ཡུལ་དངོས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད། ཆེད་དོན་གྲོས་ཚོགས་བསྡུས་ནས། དག་ཐེར་ལེགས་བཅོས་བྱ་བར་ཞིབ་འཇུག་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་རེ་བ་ལྟར། ཆ་རྐྱེན་མི་གླེང་བ་དང་འགྱུར་བ་མི་གཏོང་བར་ཇི་མ་ཇི་བཞིན་དུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱས་ནས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་ལས་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིའུ་ཐོ་བཅས་ལྟ་སྐུལ་མཛུབ་སྟོན་ལ་ཞུགས།

ན་གོར་མོ་གྲོང་ཁྱེར་རུ། ཁྲིན་ཀང་གིས་འགྲེམ་པང་ལ་བལྟས་པ་དང་ངོ་སྤྲོད་ལ་ཉན་ནས། ཚྭ་འདམ་གཞོང་གི་ཚྭ་མཚོའི་གྲུབ་ཚུལ་དང་གཏེར་ཁའི་ཐོན་ཁུངས་གསོག་ཚད། གཏེར་ལས་དབང་ཆ་བཀོད་སྒྲིག་སོགས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གྱི་སྤྱིའི་གནས་ཚུལ་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་དག་ཐེར་ལེགས་བཅོས་བྱེད་ཚུལ་བཅས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། དེའི་རྗེས་སུ་ཁྲ་ཨར་ཧན་ཐའེ་ཏུང་ས་ཁུལ་དུ་སོང་ནས། ཡུལ་དངོས་ནས་ཁེ་ལས་ཀྱི་གཞི་ཁྱོན་ལས་བརྒལ་བའི་སྔོག་འདོན་དང་འཛིན་བྱང་མེད་པར་སྔོག་འདོན་བྱེད་པ། ཁྲིམས་འགལ་ཆུ་ལེན་ཆུ་བཀོལ་སོགས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཡུལ་དངོས་ནས་རྡོ་རི་བདེ་སྙོམས་དང་ཚྭ་རྫིང་སྦས་སྐོང་སོགས་ཀྱི་གཅིག་བསྡུས་མཁྲེགས་གཏོར་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། དག་ཐེར་ལེགས་བཅོས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་དོན་ཞིབ་བཤེར་གསལ་བོ་མ་བྱས་ན་རང་དགར་མི་བསྐྱུར་བ་དང་ལེགས་བཅོས་བཟང་བོ་མ་བྱས་ན་རང་དགར་མི་བསྐྱུར་བ། འགན་འཁྲི་ལག་བསྟར་མ་བྱས་ན་རང་དགར་མི་བསྐྱུར་བ། མང་ཚོགས་ཡིད་མ་ཚིམ་ན་རང་དགར་མི་བསྐྱུར་བའི་རེ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཁྲིམས་སྲོལ་ལྟར་རིགས་མི་འདྲ་བའི་གཏོར་བརླག་སྤྱོད་ཚུལ་སྣ་ཚོགས་རྩད་གཅོད་བྱེད་པ། ཚྭ་མཚོའི་ཐོན་ཁུངས་སྔོག་འདོན་དང་ལས་སྣོན་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་བསྒྱུར་ནས། དག་ཐེར་ལེགས་བཅོས་བྱ་བའི་ཐད་ནས་ཤུགས་ལྡན་པ་དང་སྒྲིག་ལམ་ཡོད་པར་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས།

ཆེད་དོན་གྲོས་ཚོགས་སྟེང་། ཁྲིན་ཀང་གིས་མཚོ་ནུབ་ཁུལ་དང་ན་གོར་མོ་གྲོང་ཁྱེར། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་། ཞིང་ཆེན་དང་ཁུལ། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་གནད་དོན་གྱི་གནད་འགག་ལ་དབྱེ་ཞིབ་བྱས་པ་དང་དག་ཐེར་ལེགས་བཅོས་ཀྱི་དཀའ་གནད་ལ་ཞིབ་འཇུག་བྱས་ཤིང་། ཡུན་རིང་གི་བྱེད་ཐབས་ལ་ཇུས་འགོད་བྱས། ཁོས་ནན་གྱིས་བསྟན་དོན། ངེས་པར་དུ་སྔ་སྡུག་ཕྱི་བསམ་གྱིས་དག་ཐེར་ལེགས་བཅོས་བྱེད་དགོས། དཔེ་མཚོན་གྱོད་དོན་ཁྲོད་བསླབ་བྱ་བསྡུ་ལེན་བྱེད་པ་དང་། བསམ་གཞིགས་ཞིབ་མོ་གཏོང་བ། ངོ་ཚ་མྱངས་རྗེས་སེམས་ཤུགས་བསྐྱེད་པ་དང་མྱུར་དུ་དག་ཐེར་ལེགས་བཅོས་བྱས་ཏེ། དམ་འཛིན་ལྷོད་མེད་བྱེད་དགོས། ངེས་པར་དུ་རིགས་བགར་ཐག་གཅོད་བྱེད་པ་དང་དུས་བཀག་ལྟར་ཡོངས་འགྲུབ་བྱེད་དགོས། ཁྱབ་བསྒྲགས་དང་རང་བཤེར་གྱི་གནད་དོན་ཐད་ཀྱི་གསལ་ཁྲ་འཛུགས་པ་དང་། འགན་འཁྲི་ལྟར་ལས་བགོ་བྱས་ནས་རང་འགུལ་གྱིས་ལས་འགན་དང་ལེན་བྱེད་པ། དུས་ཚོད་རེའུ་མིག་དང་ལས་འགན་ཡི་གེ། འགན་འཁྲི་མི་སྣ་བཅས་གཏན་ཁེལ་བྱེད་པ། དུས་བཀག་ལྟར་དག་ཐེར་ལེགས་བཅོས་ཡོངས་འགྲུབ་བྱེད་པ། ལེགས་བཅོས་ཀྱི་བརྒྱུད་རིམ་ཐད་ནས་དངོས་ཐོག་བདེན་འཚོལ་བྱས་ནས། སྟབས་བདེ་ཅན་དུ་མི་བསྒྱུར་བ་དང་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་། ངེས་པར་དུ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱེད་པ་དང་གཅིག་ཤེས་ཀུན་གྲོལ་བྱེད་དགོས། ཁྱབ་ཁོངས་གཙོ་བོ་དང་གནད་དག་དུས་རིམ་ལ་དམ་དུ་དམིགས་པ་དང་། རིགས་མི་འདྲ་བའི་སྐྱེ་ཁམས་ཁོར་ཡུག་གནད་དོན་གྲལ་བཤེར་བྱེད་པ། ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྣེ་ཁྲིད་འགན་འཁྲི་ལག་བསྟར་བྱེད་པ་དང་། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་བྱས་ནས། རྒྱུན་རྣམ་ཅན་གྱི་རྗེས་འདེད་དང་ཕན་འབྲས་རྩད་གཅོད་བྱེད་དགོས། ངེས་པར་དུ་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་དོ་དམ་བཟང་བོ་བྱེད་དགོས། མྱུར་དུ་དག་ཐེར་ལེགས་བཅོས་བྱས་ནས་གྲུབ་འབྲས་ལེན་པ་མ་ཟད། ཡུན་རིང་གི་འཐབ་ཇུས་འགོད་པ་དང་། རྩ་བའི་རང་བཞིན་གྱི་གནད་དོན་ཐག་གཅོད་པ། དག་ཐེར་ལེགས་བཅོས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ། ཁག་བགོ་རིགས་བགར་གྱིས་ཚྭ་མཚོ་ཐོན་ལས་ཀྱི་འཆར་གཞི་དང་ལས་རིགས་ཚད་གཞི། ལས་རིགས་ཚད་ལྡན་འཚོལ་ཞིབ་བྱེད་པ་དང་གཏན་འབེབས་བྱས་ཏེ། ཚྭ་མཚོ་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས།

རིན་ཆེན་མཚོས་བསྒྱུར།