ཝང་ཝེ་ཏུང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་དཔེ་མཚོན་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2023.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ12པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་ཡུལ་དངོས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་དཔེ་མཚོན་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་རེ་བ་དོན་འཁྱོལ་ནན་མོ་བྱེད་པ། བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་ཕྲག་ཏུ་ལེན་པ། རྩ་བ་དང་ཡུན་རིང་ལ་རྐང་འཛུགས་པ། ཆ་ཚང་གཅིག་འདོམས་རྒྱུན་འཁྱོངས་བྱེད་པ། མགྱོགས་ཚད་དང་ནུས་ཤུགས་དེ་གྲུབ་འབྲས་དང་བསྟུན་པ་རྒྱུན་འཁྱོངས་བྱེད་པ། ཕྱོགས་བསྡུས་སྒོས་སྲིད་ཇུས་སྤྱོད་པ་དང་རྩ་ལག་མཉམ་བཅོས་བྱེད་པ། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོར་འདེགས་བཏང་ནས། གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་དགོས།

ཝང་ཝེ་ཏུང་ཐོག་མར་ཧོང་ལི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་རུ་སོང་ནས། ལས་གཞི་འཛུགས་སྐྲུན་གནས་ཚུལ་དང་བཙོག་བཟོ་ཐག་གཅོད་ནུས་པ། བཟོ་རྩལ་བརྒྱུད་རིམ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། བཟོ་སྐྲུན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ལས་ཡུན་ལོག་སྡེབ་བྱེད་པ་སོགས་བྱས་ནས། ལས་གཞི་སྔ་མོ་ནས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་དང་སྔ་མོ་ནས་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། དྲོད་དམའ་གངས་ཆར་འཁྱགས་དར་གྱི་གནོད་འཚེ་ལ་དོགས་ཟོན་བྱེད་པ་དང་ཁ་གཏད་འཇལ་བ། ཉིན་རྒྱུན་གྱི་སྐོར་ཞིབ་ཞིབ་བཤེར་བྱེད་ཤུགས་ཆེར་བསྐྱེད་དེ། བཟོ་སྐྲུན་འཛུགས་སྐྲུན་བདེ་འཇགས་དང་སྒྲིག་ཆས་གཏན་འཇགས་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་འགན་སྲུང་བྱེད་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གྲོང་ཁྱེར་ཡོངས་བསམ་བཀོད་གཅིག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། མི་འདང་ས་དང་ཞན་ཆ་ཁ་གསབ་བྱས་ནས། སྤྱི་ཁོག་གི་བཙོག་ཆུ་ཐག་གཅོད་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།

མཁར་བྱང་ཁུལ་ཅིན་ཁྲིན་ལམ་དང་ཅི་ཧོང་ལམ་གྱི་བསྣོལ་མཚམས་དང་ཐེན་ཅིན་ཟམ་པ་རུ། ཝང་ཝེ་ཏུང་གིས་ཡུལ་དངོས་ནས་བཙོག་ཆུ་འདོན་སའི་གནས་བབ་ལ་ལྟ་ཞིབ་བྱས་པ་དང་། དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གོ་སྐབས་སུ་བརྩི་བ་དང་། བཙོག་ཆུ་འདོན་སའི་ཞིབ་བཤེར་བྱེད་ཤུགས་ཆེར་བསྐྱེད་པ། ཚད་མཐའ་མཐིལ་རྟོགས་བྱས་ཏེ། གནད་དོན་མཐིལ་མཐོང་བྱེད་པར་བརྟེན་ནས་དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།