ཟླ12པའི་ཚེས18ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ང་དགུའི་སྟེང་ཀན་སུའུ་ཞིང་ཆེན་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་རིམ་པ6.2ཀྱི་ས་ཡོམ་བྱུང་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་དུས་ཚོད་དང་པོའི་ནང་བྱ་བའི་རེ་བ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་མྱུར་དུ་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་སོང་སྟེ་བརྙན་རིས་ཀྱི་ལམ་ནས་བཀོད་གཏོང་བཀོད་སྒྲིག་བྱས་པར་མ་ཟད། ནམ་གུང་གནོད་ཐེབས་ས་ཁུལ་དུ་སོང་ནས། ཡོམ་འགོག་རྒུད་སྐྱོབ་བྱ་བར་ཡུལ་དངོས་ནས་བཀོད་འདོམས་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་གཉིས་བརྙན་རིས་བཀོད་གཏོང་ལ་ཞུགས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ནས་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས། སྲོག་སྐྱོབ་རྒྱུ་དེ་གོ་གནས་དང་པོར་འཇོག་པ་དང་། སྟོབས་ཤུགས་ཡོད་རྒུས་རྨས་ཕོག་པའི་མི་སྣར་སྨན་བཅོས་བྱེད་པ། དུས་ཐོག་ཏུ་གནོད་འགོག་ཉེན་གཡོལ་བྱེད་པར་རྩ་འཛུགས་བྱེད་པ། གནོད་ཐེབས་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱས་ནས། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་དགོས། སྟོབས་ཤུགས་མྱུར་དུ་རྩ་འཛུགས་བྱས་ནས་གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཆུ་མཛོད་དང་རི། གློག་འདོན་ས་ཚུགས། ཆུ་རྐ་སོགས་ཡུལ་གནས་གཙོ་བོར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ཞོར་ཐོན་གནོད་འཚེས་གྱོད་གུན་གསར་བ་བཟོ་བར་དོགས་ཟོན་ནན་མོ་བྱེད་དགོས། འཕྲལ་བསྟུན་ཉེན་སེལ་རོགས་སྐྱོབ་ཀྱི་སྟོབས་ཤུགས་བཀོད་གཏོང་ཐད་ཤུགས་སྣོན་པ་དང་། དངོས་ཟོག་གྲ་སྒྲིག་བཟང་བོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཆུ་གློག་རླངས་དྲོད་དང་འཕྲིན་གཏོང་། བགྲོད་ལམ་སོགས་གེགས་མེད་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལ་ཁག་ཐེག་བྱེད་དགོས། ས་ཡོམ་དང་འཕྲལ་བསྟུན་སོགས་སྡེ་ཁག་གིས་ས་ཡོམ་གནས་ཚུལ་ཐད་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འཕྲལ་བསྟུན་ལས་རེས་ལ་ཤུགས་སྣོན་པ། དུས་ཐོག་ཏུ་ས་ཡོམ་དང་འབྲེལ་བའི་ཆ་འཕྲིན་ཕྱིར་སྒྲོག་པ། སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པར་ལན་བཟང་བོ་བཏབ་ནས། སྤྱི་ཡོངས་བརྟན་བརླིང་ཡིན་པ་དང་མི་སེམས་བདེ་ལ་འབབ་པར་ཁག་ཐེག་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མྱུར་དུ་གནོད་སྐྱོབ་བྱ་བ་སྤེལ་བ་དང་། གཙོ་གནད་ས་ཁུལ་དུ་བར་མཚམས་མེད་པར་སྔོག་བཤེར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་སྨན་བཅོས་སྲོག་སྐྱོབ། འཕྲོད་བསྟེན་རིམས་འགོག་བྱ་བ་བཟང་བོར་སྒྲུབ་དགོས། ཆུ་བེད་བཟོ་སྐྲུན་དང་ཆུ་མཛོད། གཞུང་ལམ། ལྕགས་ལམ། ཕུག་ལམ། སྣུམ་རླངས་ཆུ་དྲོད་ཀྱི་སྦུག་དྲ། གློག་ཤུགས་སྒྲིག་ཆས་སོགས་ལ་མྱུར་དུ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། སློབ་གྲྭ་དང་སྨན་ཁང་། རྒན་གསོ་ཁང་སོགས་ཡུལ་གནས་གཙོ་བོར་སྔོག་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ། ས་གཤིས་གནོད་འཚེའི་ཐད་ཀྱི་ལྟ་ཞིབ་ཉེན་བརྡ་དང་ཐག་གཅོད་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་ཉེན་ཁ་སེལ་དགོས། འཕྲལ་བསྟུན་ཐག་གཅོད་ལ་ཤུགས་སྣོན་པ་དང་། གནོད་སྐྱོབ་དངོས་ཟོག་གྲ་སྒྲིག་བཟང་བོ་བྱེད་པ། སྟོབས་ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་གནོད་ཐེབས་མང་ཚོགས་ས་གཞན་དུ་བཀོད་སྒྲིག་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཞིག་གསོ་བྱེད་པ་དམ་འཛིན་བྱེད་དགོས། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་པ་དང་། ས་ཡོམ་གྱི་གནས་ཚུལ་དང་གནམ་གཤིས་སྔོན་བརྡར་རྒྱུན་མཐུད་ངང་རྗེས་འདེད་ཞིབ་གཅོད་བྱས་ནས། དུས་ཐོག་ཏུ་ས་ཡོམ་གྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་དགོས།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ12པའི་ཚེས19ཉིན་གྱི་ཆུ་ཚོད་གཉིས་དང་སྐར་མ་བཅུའི་སྟེང་། མཚོ་སྔོན་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་ས་ཡོམ་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་བྱས་པ་དང་། ཡོམ་འགོག་རྒུད་སྐྱོབ་དང་འབྲེལ་བའི་བྱ་བ་སྤེལ་བའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ་པར་འགྲེམ་བྱས་ནས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ས་ཡོམ་གནས་ཚུལ་གྱི་ཞིབ་འཇུག་བརྡར་གཅོད་དང་མི་སྣ་འཚོལ་སྐྱོབ། ཉེན་ཁ་གྲལ་བཤེར། གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཕྱོགས་ནས་མྱུར་དུ་བྱ་བ་བསྒྲུབ་རྒྱུའི་རེ་བ་བཏོན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་བྱ་བའི་ཚན་ཆུང་བཙུགས་ཏེ་ཡུལ་དངོས་སུ་སོང་ནས་ཉེན་སེལ་རོགས་སྐྱོབ་ཐད་མཛུབ་སྟོན་བྱས།
ཐོག་མའི་བསྡོམས་རྩིས་ལྟར་ན། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱི་དམག་དཔུང་དང་ཉེན་རྟོག་རུ་ཁག འཕྲལ་བསྟུན། མེ་གསོད་མེ་འགོག འགྲིམ་འགྲུལ། སྡོད་ཁང་། ཆུ་བེད། རང་བྱུང་ཐོན་ཁུངས། གློག་ཤུགས། འཕྲིན་གཏོང་། འཕྲོད་བསྟེན། སློབ་གསོ་སོགས་སྡེ་ཁག་དང་འབྲེལ་ཡོད་ས་ཁུལ་གྱིས་བསྡོམས་པས་མི་བརྒྱད་བརྒྱ་ལྷག་དང་རླངས་འཁོར་བདུན་ཅུ་ལྷག་བཀོད་སྒྲིག་བྱས་ཏེ། གནོད་ཐེབས་ས་ཁུལ་དུ་སོང་ནས་ཆུ་བེད་བཟོ་སྐྲུན་དང་ཆུ་མཛོད། གཞུང་ལམ། ཕུག་ལམ། སྣུམ་རླངས་ཆུ་དྲོད་ཀྱི་སྦུག་དྲ། གློག་ཤུགས་སྒྲིག་ཆས་སོགས་ལ་ཕྱོགས་ཡོངས་ནས་སྔོག་བཤེར་བྱས་པ་དང་། ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡར་ཤུགས་བསྣན་ལ། བདེ་འཇགས་ཉེན་ཁར་ལྟ་རྟོག་ཤུགས་ཡོད་བྱས་ནས། ཞོར་ཐོན་གནོད་འཚེ་འབྱུང་བར་འགོག་ཟོན་བྱས། དེ་ལས་གཞན། ཞིང་ཆེན་རིམ་པའི་འཕྲལ་བསྟུན་རོགས་སྐྱོབ་དཔུང་སྡེ་སུམ་ཅུས་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ནས་དུས་ཚོད་ཉེར་བཞིའི་རིང་བཀའ་ལ་སྒུག་ཡོད། ཞིང་ཆེན་ས་ཡོམ་ཅུའུ་ཡི་སྐོར་ཐེངས་དང་པོ་དང་སྐོར་ཐེངས་གཉིས་པའི་ཡུལ་དངོས་བྱ་བའི་རུ་ཁག་ས་ཡོམ་བྱུང་སར་སོང་ནས། འཁོར་རྒྱུག་ལྟ་ཞིབ་བྱེད་ས་བརྒྱད་བཙུགས་ཏེ། འཕྲོ་རིམ་འཕྲོར་ས་ཡོམ་གནས་ཚུལ་ཐད་ཀྱི་ལྟ་ཞིབ་བྱ་བ་སྤེལ་བ་དང་། ས་ཡོམ་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱས་པར་མ་ཟད་དུས་ཐོག་ཏུ་ས་ཡོམ་གནས་ཚུལ་གྱི་གཞི་གྲངས་བརྒྱུད་སྐྱེལ་དང་ཁྱབ་བསྒྲགས་བྱས།
ཐོག་མའི་གྲལ་བཤེར་ལྟར་ན། ཟླ12པའི་ཚེས19ཉིན་གྱི་དུས་ཚོད་དྲུག་བར་དུ། ས་ཡོམ་ཁྲོད་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཞི་བཅུར་རྨས་ཕོག མེན་ཧོ་དང་ཞོན་ཧྭ། དཔའ་ལུང་བཅས་སུ་ཁང་བ་བརྡིབས་པའི་སྣང་ཚུལ་ཡོད་པ་དང་། ས་དེ་དག་གི་གློག་ཤུགས་སྐུད་ལམ་དང་འཕྲིན་གཏོང་དྲ་རྒྱ་ཞིག་གསོ་བྱེད་བཞིན་པའི་སྒང་ཡིན་ལ། མི་སྣ་མྱུར་སྐྱོབ་དང་གནོད་ཐེབས་གནས་ཚུལ་གྱི་ཞིབ་བཤེར་བྱ་བ་སྒྲུབ་བཞིན་པའི་སྒང་རེད།
རིན་ཆེན་མཚོས་བསྒྱུར།