རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཚེས18ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་གནང་། གྲོས་ཚོགས་སྟེང་དུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ཟླ12པའི་ཚེས25ཉིན་ནས་ཚེས29ཉིན་བར་པེ་ཅིང་དུ་བསྡུ་རྒྱུ་ཐག་བཅད།
ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་དུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ཀུང་ཟིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བ་དང་དོ་དམ་བཅའ་ཁྲིམས་འཆར་ཟིན། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་རྒྱུ་དང་། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་གྲོས་ཞིབ་བྱེད་རྒྱུར་རེ་ཞུ་བྱས་པའི་ལྟ་སྐུལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་ཞིབ་བྱེད་རྒྱུར་རེ་ཞུ་བྱས་པའི་རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞི་སོགས་ལ་གྲོས་ཞིབ་བྱེད་དགོས་པའི་གྲོས་གཞི་བཏོན།
ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་གྲོས་གཞི་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་ལ་ད་རུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང་2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ལག་བསྟར་སྐོར་གྱི་དུས་སྐབས་འབྲིང་གི་གདེང་འཇོག་སྙན་ཞུ་དང་2022ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་པའི་རྩིས་བཤེར་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ། ནོར་སྲིད་རིག་གནས་མ་དངུལ་བགོ་བཤའ་དང་བཀོལ་སྤྱོད་གནས་ཚུལ་སྐོར་གྱི་སྙན་ཞུ། བསམ་པའི་འཕྲོད་བསྟེན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱེད་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ས་བོན་བཅའ་ཁྲིམས་དང་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་གཉིས་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ལས་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་པ། སོ་སོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཆུ་བེད་པུའུ་ཡིས་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་སྒྲུབ་གཉེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་པ། འབྲེལ་ཡོད་བསྐོ་འཐེན་གྲོས་གཞི་ལ་གྲོས་ཞིབ་བྱེད་པ་སོགས་ཡོད།
ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་དུ་ད་རུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་བྱ་བའི་གཙོ་གནད་དང་ཁྲིམས་འཛུགས། ལྟ་སྐུལ། འཐུས་མིའི་བྱ་བའི་འཆར་གཞི་བཅས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བའི་སྒྲིག་སྲོལ་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་བར་མ་ཟད། 2023ལོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་འཐུས་མིར་འབྲེལ་འདྲིས་བྱས་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་མ་ཡིག་ལ་གྲོས་ཞིབ་བྱས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་བཀོད་སྒྲིག་གནས་ཚུལ་སྐོར་ནས་ཡར་ཞུ་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་འབྲེལ་ཡོད་གྲོས་གཞི་སོགས་ཀྱི་ཐད་ནས་ཡར་ཞུ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།