ཟླ12པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་བསྐྲུན་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་བྱ་བའི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འཛུབ་སྟོན་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། སོལ་གཏེར་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་སོགས་ཁྲིམས་སྲོལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་བསྟན་དོན། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ནི་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་དང་སྒྲིག་གཞི་གསར་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ནང་གནས་སྦས་ཤུགས་འདོན་པ་དང་དཔལ་འབྱོར་ལེགས་ཕྱོགས་སུ་སླར་གསོ་ཡོང་བའི་གཞི་འཛིན་ས་གལ་ཆེན་ཡིན། ཚོང་རའི་འཇུག་འཁྲོལ་དང་ཐོན་དབང་སྲུང་སྐྱོབ། ཉོ་ཚོང་། གཞི་གྲངས་ཆ་འཕྲིན། སྤྱི་ཚོགས་ཡིད་རྟོན་སོགས་ཕྱོགས་ཀྱི་རྨང་གཞི་རང་བཞིན་གྱི་སྒྲིག་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་ལ་སྐུལ་འདེད་གཏོང་བ་དང་སྡོམ་རྩིས་སོགས་ཁྱབ་ཁོངས་གལ་ཆེན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་སྔོན་ལ་ཚོད་ལྟ་དང་སྔོན་ལ་སྐྱོད་པའི་ཤུགས་ཚད་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་ཕན་པའི་སྒྲིག་སྲོལ་ཁག་འཛུགས་དགོས། ཚོང་རའི་བགོ་འགྱེད་དང་ས་གནས་སྲུང་སྐྱོབ་སོགས་གནད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས་དཔེ་མཚོན་དཔེ་གཞིའི་ཁྱབ་བསྒྲགས་ཤུགས་ཚད་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་གེགས་རྐྱེན་ཐམས་ཅད་སེལ་དགོས།
གྲོས་ཚོགས་ནས་བསྟན་དོན། ནད་རིགས་སྔོན་འགོག་དང་ཚོད་འཛིན་མ་ལག་ནི་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འགན་སྲུང་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་སྲུང་གལ་ཆེན་ཡིན། གྲོས་ཚོགས་ནས་ནད་རིགས་སྔོན་འགོག་དང་ཚོད་འཛིན་ཀྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་འཛུབ་སྟོན་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་དང་ནད་རིགས་ཚོད་འཛིན་ལས་དོན་གྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འཆར་འགོད་དང་མ་ལག་རང་བཞིན་གྱི་ནད་རིགས་ཚོད་འཛིན་མ་ལག་བསྐྱར་འཛུགས་བྱེད་པ། ནད་རིགས་ཚོད་འཛིན་གྱི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ནད་རིགས་ལས་དོན་གྱིས་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཁྲོད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་དགོས། མཉམ་འགོག་མཉམ་སྡོམ་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་འགོས་ནད་ཀྱི་ཉེན་ཟོན་ལྟ་ཞིབ་ཚད་ལེན་དང་འཕྲལ་བསྟུན་ཐག་གཅོད། སྐྱོབ་བཅོས་སོགས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཚད་དང་རིམ་པ་བགར་བའི་སྐྱོབ་བཅོས་རྐྱེན་སྲོལ་བཙུགས་ནས་མིག་སྔའི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་དམ་འཛིན་བྱེད་དགོས།
གྲོས་ཚོགས་ནས་སོལ་གཏེར་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་འཆར་ཟིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་སྐོར་ཞིག་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཇུས་ཆོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲི་ངན་དབྱང་རླུང་བང་རིམ་གྱི་དངོས་གཟུགས་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཇུས་ཆོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཁྲིམས་ལུགས་ཁྱབ་བརྡལ་དུ་གཏོང་བ་དང་ཁྲིམས་ལུགས་དྲིལ་སྒྲོག་གཏིང་ཟབ་ཏུ་བཏང་ནས་ཁྲིམས་སྲོལ་ལག་བསྟར་དང་དམ་འཛིན་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར། ཁྲིམས་བསྟར་ཇེ་དྲག་ཏུ་བཏང་ནས་ཁྲིམས་སྲོལ་ཁག་ལག་བསྟར་བྱེད་དགོས།
གྲོས་ཚོགས་ནས་བསྟན་དོན། ཉེ་ལམ་རྒྱལ་ཡོངས་ཀྱི་ས་གནས་མང་པོར་ཁངས་ཆར་དྲག་པོ་འབབ་པའམ་གནམ་གཤིས་ཇེ་འཁྱག་དུ་འགྲོ་བའི་སྣང་ཚུལ་བྱུང་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲོད་ཚད་དམའ་བའི་གནམ་གཤིས་དང་ཁངས་ཆར་འཁྱག་དར་གྱི་གནད་འཚེ་འགོག་ཟོན་བྱེད་པའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་བསམ་པས་འགོག་ཟོན་དང་འཕྲལ་བསྟུན་ཐག་གཅོད་བྱེད་པ་དང་གནམ་གཤིས་ཆ་འཕྲིན་ལ་ཚད་ལེན་དང་ཞིབ་འཇུག དབྱེ་ཞིབ་བྱེད་པ། འགྲིམ་འགྲུལ་དང་ནུས་ཁུངས་སོགས་ཁྱབ་ཁོངས་གལ་ཆེན་གྱི་ཉེན་ཁ་གྲལ་བཤེར་བྱེད་པར་ཤུགས་བསྣན་ཏེ། ནུས་ཁུངས་འགན་སྲུང་དང་དྲོད་འདོན་མཁོ་འདོན་བཟང་པོར་སྒྲུབ་ནས་དམངས་ཚིས་ཚོང་རྫས་ཀྱི་མཁོ་འདོན་དང་རིན་གོང་གཏན་འཇགས་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་དྲོ་སྐྱིད་ལྡན་ཞིང་བདེ་འཇགས་ངང་དགུན་སྐྱེལ་བར་འགན་སྲུང་བྱེད་དགོས།
གྲོས་ཚོགས་ནས་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།
མི་ཕམ་མགོན་པོས་བསྒྱུར།