ཝུའུ་ཞའོ་ཅུན་གྱིས་འཇར་ཕན་ཞའོ་ཏའོ་ཁྲུང་ཡ་བཟོ་ལས་ཀུང་ཟིའི་འགོ་གཙོ་ཞའོ་ཏའོ་རུང་ཨར་སོགས་ལ་ཐུག་འཕྲད་བྱས།
2023.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ12པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་འཇར་པན་ཞའོ་ཏའོ་ཁྲུང་ཡ་བཟོ་ལས་ཀུང་ཟིའི་འགོ་གཙོ་ཞའོ་ཏའོ་རུང་ཨར་སོགས་ལ་ཐུག་འཕྲད་བྱས།

ཝུའ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞའོ་ཏའོ་རུང་ཨར་སོགས་ལ་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། སྐུ་ཞབས་ཞའོ་ཏའོ་ལེའོ་ཚིས་ལང་དང་ཞའོ་ཏའོ་དབྱང་དབྱི་ལང་། ཞའོ་ཏའོ་རུང་ཨར་བཅས་ནི་མཚོ་སྔོན་གྱི་གྲོགས་པོ་རྙིང་བ་ཡིན་པ་དང་། ལོ་ངོ་བཞི་བཅུའི་རིང་ལ་མཛའ་མཐུན་འགྲོ་འོང་བྱས་ཤིང་། ཀྲུང་གོ་དང་འཇར་པན་བར་གྱི་བརྗེ་རེས་མཉམ་ལས་ཀྱི་ཟམ་ཐག་བཙུགས་ནས། བསྔགས་བརྗོད་ཆེན་པོ་ཐོབ་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཙིགས་སུ་འཛིན་པ། མཐོ་སྒང་གི་ཐོན་ཁུངས་དགེ་མཚན་ལ་རྒྱབ་བརྟེན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། ད་ལོ་ནི་ཀྲུང་གོ་དང་འཇར་པན་གྱི་ཞི་བདེ་མཛའ་མཐུན་སྲོལ་ཡིག་བཀོད་དེ་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན་པ་དང་། ང་ཚོས་ཞའོ་ཏའོ་ཀུང་ཟི་དང་མཉམ་དུ། མི་གཞུང་བརྗེ་རེས་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་། དག་གཙང་ནུས་ཁུངས། སྐྱེ་ཁམས་གནས་སྐོར་སོགས་ཁྱབ་ཁོངས་ནས་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་སྤེལ་ནས། དུས་རབས་གསར་བའི་རེ་བ་དང་མཐུན་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་ཆེད་འབད་འཐབ་ལྷོད་མེད་བྱེད་འདོད་ཡོད།

ཞའོ་ཏའོ་རུང་ཨར་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཕ་རབས་ཀྱི་འདོད་མོས་རྒྱུན་འཛིན་བྱས་ནས། ཕྱོགས་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

དབྱང་ཀྲི་ཝུན་ཐུག་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།