རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་དབྱིན་ཐེ་ནས་པེ་ཅིང་དུ་འགན་སྒྲུབ་སྙན་ཞུ་བྱེད་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིས་ཅཱ་ཁྲའོ་ལ་མཇལ་འཕྲད་གནང་བ་དང་། ལིས་ཅ་ཁྲའོ་ཡིས་ཞང་ཀང་གི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་གསན།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་གཅིག་གི་རིང་ལ། སྲིད་འཛིན་དཔོན་པོ་ལིས་ཅཱ་ཁྲའོ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ། སྤོབས་པ་ཆེན་པོས་བྱ་བ་སྒྲུབ་མཁས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་དང་། ཞང་ཀང་ས་ཁུལ་གྱི་གྲོས་ཁང་ལམ་ལུགས་བསྐྱར་འཛུགས་བྱས་ཏེ། ས་ཁུལ་གྲོས་ཁང་གི་སྐབས་བརྗེ་འདེམ་བསྐོའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས། ཞང་ཀང་གི་དམིགས་བསལ་གོ་གནས་དང་ཁྱད་སྟོབས་སྲུང་འཛིན་བྱས་ནས། རྒྱུན་ཆད་མེད་པར་འཕེལ་རྒྱས་སྒུལ་ནུས་ཇེ་དྲག་ཏུ་བཏང་བ་དང་། ཟང་ཟིང་ནས་བཅོས་སྐྱོང་བྱེད་པའི་གནས་བབ་ཆེན་པོ་སྲ་བརྟན་དུ་བཏང་སྟེ་ཞང་ཀང་བཅོས་སྐྱོང་དར་རྒྱས་ཀྱི་ཕྱོགས་སུ་བགྲོད་པར་སྐུལ་འདེད་བཏང་། ཀྲུང་དབྱང་གིས་སྲིད་འཛིན་དཔོན་པོ་ལིས་ཅཱ་ཁྲའོ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱེད་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བ་དང་སྐྱོད་ལམ་གསར་བར། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་བྱ་གཞག་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་གིས་ཡང་དག་ཅིང་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པ་དེ་དུས་ཡུན་རིང་བོར་མི་འགྱུར་བ་དང་། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བའི་རྩ་དོན་དངོས་འབེབས་བྱེད་དགོས་ལ། ཤུགས་ཆེན་པོས་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལས་བྱུང་བའི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཤིང་། ཞང་ཀང་གི་རྒྱལ་སྤྱིའི་དངུལ་ལོར་ལྟེ་གནས་དང་མཚོ་འགྲུལ་ལྟེ་གནས། ཉོ་ཚོང་ལྟེ་གནས་བཅས་ཀྱི་གོ་གནས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། ཞང་ཀང་གིས་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གསོན་ཤུགས་དང་ཁྱད་སྟོབས་རང་བཞིན་སྔར་ལས་མངོན་གསལ་དུ་གཏོང་དགོས། ང་ཚོ་ཞང་ཀང་གི་འོད་སྟོང་འབར་བའི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས།
ལིས་ཆང་དང་ཚའེ་ཆི། ཏེན་ཞུའེ་ཞང་། ཧྲི་ཐེ་ཧྥུན། ཁྲིན་ཝུན་ཆིན། ཞཱ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།