རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་ཁུ་ཝེ་ཐེའི་གསར་དུ་འགན་ཁུར་བའི་མགོ་ཁྲིད་པ་མུས་ཧྲ་ལེ་ལ་གློག་འཕྲིན་བཏང་སྟེ། ཁོས་མུ་མཐུད་དུ་ཁུ་ཝེ་ཐེའི་མགོ་ཁྲིད་པའི་འགན་ཁུར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁུ་ཝེ་ཐེ་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་། ཀྲུང་གོ་དང་ཁུ་ཝེ་ཐེ་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་ཇེ་ཟབ་ཏུ་སོང་ཡོད། བདག་གིས་ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། མགོ་ཁྲིད་པ་མུས་ཧྲ་ལེ་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཁུ་ཝེ་ཐེའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།