རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས18ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་དབྱིན་ཐེ་ནས་པེ་ཅིང་དུ་འགན་སྒྲུབ་སྙན་ཞུ་བྱེད་དུ་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་ལ་མཇལ་འཕྲད་གནང་བ་དང་།ཧི་དབྱི་ཁྲིན་གྱིས་ཨོ་མིན་གྱི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་གསན།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་གཅིག་གི་རིང་ལ། སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ། ནན་ཏན་གྱིས་ལས་འགན་ལག་བསྟར་དང་དངོས་གཉེར་བྱེད་ཐབས་སྤྱད་ནས། ཨོ་མིན་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། གོ་རིམ་ལྡན་པའི་སྒོག་ནས་སྲིད་འཛིན་དཔོན་པོའི་འདེམ་བསྐོའི་བཅའ་ཁྲིམས་དང་ཁྲིམས་འཛུགས་ཚོགས་པའི་འདེམ་བསྐོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་བྱ་བར་སྐུལ་འདེད་བཏང་བར་མ་ཟད། ཨོ་མིན་གྱི་ལོ་རྒྱུས་སྟེང་གི་མ་ལག་ལྡན་པའི་སྣེ་མང་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་བྱས་ནས་ཀོང་ཏུང་དང་ཨོ་མིན་གྱི་གཏིང་ཟབ་པའི་མཉམ་ལས་ས་ཁུལ་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་བར་མ་ཟད། བསྟུད་མར་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་དང་། ཨོ་མིན་གྱི་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་བྱས་ཏེ། སྤྱི་ཚོགས་ཀྱི་འཆམ་མཐུན་དང་གཏན་འཇགས་སྲུང་འཛིན་བྱས་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱེད་བཞིན་ཡོད།
ཞི་ཅིན་ཕིང་གིས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བར། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་བྱ་གཞག་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་གིས་སྔར་བཞིན་དུ་ཡང་དག་ཅིང་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་གཅེས་མཁན་གྱིས་ཨོ་མིན་སྐྱོང་བའི་རྩ་དོན་དངོས་འབེབས་བྱས་ནས། ཤུགས་ཆེན་པོས་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ལས་བྱུང་བའི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། རྒྱུན་ཆད་མེད་པར་ཨོ་མིན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་གྲུབ་འབྲས་གསར་བས་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འཁོར་བར་བསུ་བ་བྱེད་དགོས་ཞེས་གསུངས།
ལིས་ཆང་དང་ཚའེ་ཆི། ཏེན་ཞུའེ་ཞང་། ཧྲི་ཐེ་ཧྥུན། ཁྲིན་ཝུན་ཆིན། ཞཱ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།