ཞིང་ཆེན་ཟླ12པའི་ཚེས18ཉིན་གྱི་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2023.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ12པའི་ཚེས19ཉིན། ཞིང་ཆེན་གྱི་ཟླ12པའི་ཚེས18ཉིན་གྱི་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་གཉིས་པ་རང་ཞིང་གི་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོའི་མི་དམངས་སྲིད་གཞུང་དུ་བསྡུས་ཏེ། ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱི་ཀན་སུའུ་དང་མཚོ་སྔོན་གྱི་ཡོམ་འགོག་རྒུད་སྐྱོབ་བྱ་བའི་བླང་བྱར་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

བྱ་བའི་ཚན་ཆུང་དང་འབྲེལ་ཡོད་སྡེ་ཁག་གི་རྒུད་སྐྱོབ་བྱ་བའི་འཕེལ་རིམ་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་བཀོད་སྒྲིག་ལ་ཉན་རྗེས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཡོམ་འགོག་རྒུད་སྐྱོབ་ཀྱི་གནས་ཡུལ་དང་པོར་འབད་འཐབ་བྱེད་བཞིན་པའི་མི་ཚང་མར་གུས་འདུད་ཞུས། གྲོས་ཚོགས་ནས་བསྟན་དོན། ས་ཡོམ་བྱུང་ནས་དུས་ཚོད་ཉེར་བཞི་འགོར་ལ་ཉེ་ཡང་ཡོམ་འཕྲོ་ད་དུང་མཚམས་ཆད་མེད། རོགས་སྐྱོར་སྟོབས་ཤུགས་ཀྱིས་གཅིག་གྱུར་ངང་མཛུབ་སྟོན་དང་གཅིག་གྱུར་ངང་བཀོད་གཏོང་། མཐུན་སྦྱོར་ནུས་ལྡན། མཉམ་ལས་དམ་ཟབ་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་བྱ་བ་ཁག་ལ་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས་ཐོག་མའི་འབྲས་བུ་ཐོབ་པ་དང་། མུ་འཐུད་དུ་ཤུགས་སྣོན་པ་དང་འབད་པ་ཆེན་པོས་ཡོམ་འགོག་རྒུད་སྐྱོབ་ཀྱི་དམག་འཐབ་ཡག་པོར་རྒྱག་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མིག་སྔར་ཁ་ཚ་དགོས་གཏུག་ཏུ་གྱུར་པ་ནི་ནུས་ཤུགས་ཡོད་རྒུས་འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་འཚོལ་སྐྱོབ་ས་ཚུགས་ཀྱི་ཡུལ་དངོས་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་པ། འཚོལ་སྐྱོབ་སྟོབས་ཤུགས་ཇེ་དྲག་ཏུ་བཏང་ནས་འབྲེལ་ལམ་ཆད་པའི་མི་སྣ་མྱུར་དུ་འཚོལ་རྒྱུ་དེ་ཡིན། མང་ཚོགས་ཀྱི་འཚོ་བའི་འགན་སྲུང་གནད་དོན་ཐག་གཅོད་བྱེད་རྒྱུ་ནི་ཆེས་གལ་ཆེ་ལ། དངོས་ཟོག་དང་མ་དངུལ། མི་སྣ་སོགས་སྟོབས་ཤུགས་གཅིག་བསྡུས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་བྱ་བ་ཡག་པོར་སྒྲུབ་དགོས། གནོད་ཐེབས་ཁྱིམ་མི་ལ་སེམས་གསོ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཁྱིམ་ཚང་རེར་ཆེད་དོན་ཚན་ཆུང་རེ་བཀོད་སྒྲིག་བྱས་ནས་འབྲེལ་ཡོད་རྗེས་མཁོའི་བྱ་བ་ཐག་གཅོད་ཡག་པོ་བྱེད་དགོས། གཅིག་བསྡུས་དང་དབྱེ་འབྱེད་རྣམ་པ་ཟུང་འབྲེལ་སྒོས་མང་ཚོགས་བདེ་སྡོད་ཀྱི་གནད་དོན་ཐག་གཅོད་པ་དང་བདེ་སྡོད་ས་ཚུགས་ཀྱི་ཟས་རིགས་བདེ་འཇགས་དང་ཁོར་ཡུག་གི་འཕྲོད་བསྟེན། མེ་བཀོལ་བདེ་འཇགས་སོགས་ཀྱི་དོ་དམ་ལ་ཤུགས་སྣོན་དགོས། བདེ་འཇགས་ཚད་མཐའ་དམ་པོར་སྲུང་ནས་ས་གཤིས་གནོད་འཚེ་སོགས་ཉེན་ཁ་རིགས་སྣ་ཚོགས་ལ་འགོག་ཟོན་བྱེད་དགོས་ལ། དངོས་ཐོག་བདེན་འཚོལ་གྱིས་ཁང་བར་གཏོར་སྐྱོན་ཐེབས་མིན་ལ་ངོས་འཛིན་དང་གནོད་འཚེ་ཡང་བསྐྱར་འབྱུང་བར་འགོག་ཟོན་ནན་མོ་བྱེད་དགོས།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཉམས་ཚོད་ཆེན་པོའི་མདུན་དུ་བློ་བརྟན་འགྱུར་མེད་ངང་རང་གནས་རིང་ལུགས་དང་འགན་འཁྲི་མེད་པའི་བསམ་པ་རྩ་བ་ནས་དོར་ཏེ་བློ་སྤོབས་ཆེན་པོས་འགན་འཁྲི་འཁུར་ཕོད་པ་དང་ཁག་ཁུར་ཡོད་པར་བྱེད་དགོས། སེམས་ནང་དུ་མང་ཚོགས་མེད་པ་དང་དོན་དངོས་ལ་མི་དམིགས་པར་སྟོང་བསམ་ཁོ་ན་འཆང་བའི་སྤྱོད་ཚུལ་གནད་དོན་མེད་པར་ཁག་ཐེག་བྱས་ཏེ་ལུས་སེམས་གཉིས་གནས་ཡུལ་དང་པོར་འབུལ་དགོས། འདྲ་མཉམ་མིན་པ་དང་དུས་ཐོག་མིན་པ། གཅིག་གྱུར་མིན་པའི་གནད་དོན་ལ་མཐོང་ཆེན་བྱས་ནས་དམངས་སེམས་ལ་བསྟུན་པ་དང་དམངས་འདོད་བརྩི་བ། དངོས་ཐོག་བདེན་འཚོལ་དང་མིག་སྔར་རྐང་ཚུགས་པར་བྱས་ནས་དགོས་མཁོར་གཅིག་གྱུར་སྒོས་བསམ་བློ་གཏོང་བ་དང་། ནུས་པས་ལྕོགས་ཚོད་དང་བློ་ཡིས་ལྕོགས་ཚོད་ཀྱིས་འབད་པ་ལྷོད་མེད་བྱེད་པ་དེ་གནོད་ཐེབས་དཔྱད་འཇོག་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པ་དང་ཆེས་མཁོ་བ། ཆེས་རེ་སྒུག་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས།

གྲོས་ཚོགས་ཀྱི་སྔོན་ལ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་ནམ་གུང་མང་ཚོགས་བཀོད་སྒྲིག་བྱེད་གནས་རེ་རེར་སོང་ནས་ཚང་མ་དང་བརྩེ་བའི་ཁ་བརྡ་བྱས་པ་དང་། ཚང་མར་ཡིད་ཆེས་ཆེ་རུ་བསྐྱེད་པ་དང་བློ་སྤོབས་ཆེན་པོས་གདོང་གཏོད་པ། ཕན་ཚུན་རོགས་འདེགས་བྱེད་པ། དཀའ་ཁག་མཉམ་སེལ་བྱེད་དགོས་པའི་སྐུལ་མ་བཏང་བ་་དང་། ཡུལ་དངོས་ཀྱི་ལས་བྱེད་མི་སྣས་མང་ཚོགས་ཀྱི་འགན་སྲུང་བྱ་བ་ལེགས་པར་སྒྲུབ་ནས་དངོས་ཟོག་དག་མྱུར་དུ་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་བྱེད་དགོས་པའི་བླང་བྱ་བཏོན། གློག་སྒྲོན་བཀར་བའི་འཚོལ་སྐྱོབ་ཡུལ་དངོས་སུ་ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་འཚོལ་སྐྱོབ་འཕེལ་རིམ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་འཚོལ་སྐྱོབ་མི་སྣས་རེས་སྐོར་ནས་འཚོལ་སྐྱོབ་བྱ་བ་སྒྲུབ་དགོས་པ་དང་། ས་བརྐོ་སྒྲིག་ཆས་ཀྱིས་ཉིན་མཚན་མེད་པར་ལས་ཀ་ལས་དགོས་པ། ནུས་ཤུགས་ཡོད་རྒུས་འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་དགོས་པ་བཅས་ཀྱི་རེ་བ་བཏོན།

ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ལིན་ཧུའུ་དང་ཝུའུ་ལ་ཙི་པའེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥུན། ལིས་ཧུང་ཡཱ། ཧི་ལུའུ་ཁྲུན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ལིའུ་ཀི་ཕིང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ལིས་ཙའེ་ཡོན་བཅས་ཚོགས་འདུར་ཞུགས།

མི་ཕམ་མགོན་པོས་བསྒྱུར།