ཀྲང་གོ་ཆིན་གྱིས་ཀན་སུའུ་དང་མཚོ་སྔོན་དུ་ཡོམ་འགོག་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས།
2023.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་གི་བླང་བྱ་ལྟར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཚེས19ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་ཁྲིད་དེ་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གནོད་ཁུལ་དུ་སོང་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས།

ཀྲང་གོ་ཆིན་གནོད་ཁུལ་དུ་འབྱོར་རྗེས་མྱུར་དུ་གནོད་འཚེ་ཆེས་ཚབས་ཆེ་བའི་ཀན་སུའུ་ཅི་ཧྲི་ཧྲན་རྫོང་ཏ་ཧི་ཅཱ་གྲོང་རྡལ་དང་ཧྲི་ཡོན་གྲོང་རྡལ། མཚོ་སྔོན་མིན་ཧོ་རྫོང་གི་ཀྲུང་ཁྲོན་ཡུལ་ཚོ་བཅས་ཀྱི་གནས་སྤོར་མང་ཚོགས་གནས་སྐབས་སུ་བཀོད་སྒྲིག་བྱེད་གནས་དང་ཉེན་སེལ་ཐག་གཅོད་ལས་ཡུལ།   སྨན་ཁང་བཅས་སུ་སོང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་དང་རྨས་མར་བལྟས་པར་མ་ཟད།    ཉེན་སེལ་རོགས་སྐྱོབ་དང་མང་ཚོགས་ཀྱི་བཀོད་སྒྲིག་གནས་ཚུལ་ལ་ཞིབ་བཤེར་ཞིབ་མོ་བྱས།     ཉིན་དེའི་དགོང་མོར།   ཀྲང་གོ་ཆིན་གྱིས་འགོ་འཛིན་བྱས་ཏེ་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཆང་གི་མཆན་བཀོད་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་བྱས་པ་དང་།      གོ་རིམ་རྗེས་མའི་ཡོམ་འགོག་རྒུད་སྐྱོབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།      ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཐེབས་མང་ཚོགས་ཀྱི་བདེ་སྡུག་ལ་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད་པ་དང་།   ས་འགུལ་བྱུང་བའི་མཚན་མོ་དེར་དུས་ཐོག་ཏུ་མཛུབ་སྟོན་གལ་ཆེན་གནང་ལ།   དེ་རིང་ཡང་རོགས་སྐྱོབ་འཕེལ་རིམ་ལ་ཐེངས་མང་པོར་ཐུགས་ཁུར་གནང་སྟེ་སྟོབས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་དུས་ཐོག་ཏུ་རྨས་མ་སྐྱོབ་བཅོས་བྱེད་པ།    ཡང་བསྐྱར་གནོད་འཚེ་འབྱུང་བར་འགོག་ཟོན་བྱེད་པ།   གནོད་ཐེབས་མང་ཚོགས་བཀོད་སྒྲིག་བཟང་བོ་བྱེད་པ་སོགས་ཀྱི་ཐད་བསྟུད་མར་བླང་བྱ་གསལ་བོ་བཏོན།     ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་ཉེན་སེལ་རོགས་སྐྱོབ་ཐད་བཀོད་སྒྲིག་གནང་ཡོད།    ཀན་སུའུ་དང་མཚོ་སྔོན། འབྲེལ་ཡོད་ཕྱོགས་སོ་སོ་བཅས་ཀྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་།    ཙུང་ལི་ལིས་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལྟར།  མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས་སྟོབས་ཤུགས་ཡོད་རྒུས་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་བཟང་བོར་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཚད་ཆེན་པོས་འགན་སྲུང་བྱས་ཡོད་ཅེས་བསྟན།

ཀྲང་གོ་ཆིན་གྱིས་མི་སྣ་འཚོལ་སྐྱོབ་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   མཐོ་སྒང་གི་གྲང་ངར་ཆེ་བའི་ནམ་ཟླ་སོགས་མི་ལེགས་པའི་ཆ་རྐྱེན་ཁྱད་དུ་སེལ་བ། ཆེད་ལས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་པ།    མུ་མཐུད་དུ་སྨན་བཅོས་དཔུང་སྡེ་མངག་གཏོང་དང་དངོས་རྫས་ཇེ་མང་དུ་བཏང་སྟེ་སེམས་ཞིབ་མོས་རྨས་པ་སྐྱོབ་བཅོས་བྱེད་པ་བཅས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཚེ་སྲོག་མྱུར་སྐྱོབ་དང་རྨས་སྐྱོན་ཇེ་ཉུང་དུ་གཏོང་བ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་སེམས་གསོ་བྱེད་པའི་བྱ་བ་ཞིབ་ཚགས་སྒོས་བཟང་བོར་སྒྲུབ་དགོས།  དུས་ཚོད་དམ་འཛིན་གྱིས་གནོད་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་ཆས་ཞིག་གསོ་བྱེད་པ་དང་གནོད་ཁུལ་གྱི་ཐོན་ཁུངས་མཁོ་འདོན་དང་ཆ་འཕྲིན་ཤར་གཏོང་ལ་འགན་སྲུང་བྱེད་པ།    གཞུང་ལམ་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཉེན་སེལ་རོགས་སྐྱོབ་དངོས་རྫས་སྔོན་ལ་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱེད་དགོས།   ཡོམ་འཕྲོ་དང་ཡང་བསྐྱར་གནོད་འཚེ་འབྱུང་བར་ལྟ་ཞིབ་ཚད་ལེན་བཟང་བོ་བྱེད་པ་དང་།   རི་ཉིལ་བ་དང་ཆུ་མཛོད་ཆུ་རགས་ལ་ཡོམ་སྐྱོན་འབྱུང་བ།    ཕུག་ལམ་དང་ཟམ་པ་ལོག་པ་སོགས་ཀྱི་མངོན་མེད་ཉེན་ཁ་གལ་ཆེན་དང་།  དེ་མིན་གནོད་སྐྱོན་ཚབས་ཆེན་ཐེབས་པའི་སྡོད་ཁང་སོགས་གནས་རེ་རེ་དང་ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་བྱས་ནས་མང་ཚོགས་གནས་སྤོར་བྱེད་པར་རྩ་འཛུགས་བྱེད་པ་དང་།   བདེ་འཇགས་ཉེན་ཟོན་དང་བདེ་འཇགས་འགོག་སྲུང་བཟང་བོར་སྒྲུབ་ནས་ཡང་བསྐྱར་གནོད་འཚེ་འབྱུང་བ་དང་མི་སྣ་ཤི་རྨས་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས།    མགྱོགས་མྱུར་སྒོས་རོགས་སྐྱོབ་དངོས་རྫས་མང་ཚོགས་ལ་སྟེར་བ་དང་།  མུ་མཐུད་དུ་སྲིང་བལ་གྱི་ལྭ་དང་སྲིང་བལ་གྱི་རས་གུས།  སྲིང་བལ་གྱི་ཉལ་ཐུལ།  ཐབ་ཀ་སོགས་གྲང་འགོག་དྲོད་ལེན་དངོས་རྫས་བསྡུ་རུབ་བྱས་ནས་གནས་སྤོར་བཀོད་སྒྲིག་མང་ཚོགས་རྣམས་ལ་བདེ་འཇགས་ཀྱི་གནས་སྐབས་སྡོད་གནས་ཡོད་པ་དང་བཏུང་ཆུ་གཙང་མ་ཡོད་པ།  ཟས་རིགས་ཡོད་པ།  སྲིང་བལ་གྱི་ལྭ་བ་ཡོད་པ།   ནད་བྱུང་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པར་འགན་སྲུང་བྱས་ནས་གནོད་ཁུལ་གྱི་སྤྱི་ཚོགས་གནས་ཚུལ་དང་དམངས་སེམས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

མིག་སྔར་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་བྲེལ་མྱུར་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།