ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དང་པོ་ཟླ12པའི་ཚེས19ཉིན་རང་ཞིང་གི་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་མི་དམངས་སྲིད་གཞུང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་གི་རིམ་པ6.2ཀྱི་ས་ཡོམ་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཡུལ་དངོས་ཀྱི་གནོད་སྐྱོབ་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་ཞིང་། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་མཚོན་པ་དང་། ང་ཚོས་མིག་སྔའི་ཡོམ་འགོག་རྒུད་སྐྱོབ་བྱ་བ་བཟང་བོར་སྒྲུབ་པའི་ཐད་ཚན་རིག་གི་སྣེ་ཁྲིད་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་མཐོ་ཚད་ནས། ཡོམ་འགོག་རྒུད་སྐྱོབ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཇི་མ་ཇི་བཞིན་དུ་ལག་བསྟར་དམ་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུས་དང་གོ་རིམ་དང་ཤུགས་ལྡན་པའི་སྒོ་ནས་ཡོམ་འགོག་རྒུད་སྐྱོབ་དང་འབྲེལ་བའི་བྱ་བ་བཟང་བོར་སྒྲུབ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་ཡོམ་འགོག་རྒུད་སྐྱོབ་དེ་གནད་འགག་གི་དུས་སྐབས་སུ་གནས་པ་དང་། ཞིང་ཆེན་བཀོད་འདོམས་པུའུ་ཡིས་ས་ཡོམ་གནོད་འཚེའི་འཕྲལ་བསྟུན་བྱེད་ཐབས་རིམ་པ་དེ་རིམ་པ་གཉིས་པར་ལེགས་སྒྲིག་བྱས། བཀོད་འདོམས་མ་ལག་གི་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་ཆེན་གྱི་ཟླ12པའི་ཚེས18ཉིན་གྱི་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་འཛུགས་པར་མ་ཟད་བྱ་བའི་ཚན་ཆུང་བརྒྱད་འཛུགས་པ་དང་། གཅིག་གྱུར་བཀོད་འདོམས་དང་དམིགས་བསལ་ནུས་ལྡན། གཡས་གཡོན་མཐུན་སྦྱོར། གོང་འོག་མཉམ་འབྲེལ་གྱི་ས་ཡོམ་འཕྲལ་བསྟུན་རོགས་སྐྱོབ་བྱ་བའི་རྐྱེན་སྲོལ་འཛུགས་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། རོགས་སྐྱོབ་ཀྱི་དུས་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་སྣོན་པ། གནད་འགག་ཡུལ་གནས་གཙིགས་སུ་འཛིན་པ། དུས་ཚོད་སྐར་ཆ་ཙམ་ཡང་འགོར་འགྱངས་མི་བྱེད་པར་ཉེན་ཁར་ཚུད་པའི་མི་སྣ་དང་གར་སོང་མ་རྙེད་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ། རེ་བ་ཉག་ཙམ་ཡོད་ན་འབད་འཐབ་ལྷོད་མེད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱེད་པ་དང་། གནོད་པ་ཐེབས་ཚུལ་ལྟར་རིམ་པ་བགོས་ནས་སྲོག་སྐྱོབ་སྨན་བཅོས་བྱས་ནས། ཚད་ཆེས་ཆེ་བའི་སྒོ་ནས་ཤི་རྨས་ཀྱི་ཚད་ཇེ་ཉུང་དུ་གཏོང་དགོས། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་གནོད་སྐྱོབ་ཡུལ་དངོས་སུ་མངགས་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་གྲོང་གསེབ་ཀྱི་ལས་བྱེད་པ་དང་མཉམ་དུ། གནོད་པ་ཐེབས་ཚད་ལ་གྲལ་བཤེར་དང་མང་ཚོགས་ལ་སེམས་གསོ་བྱེད་པ། མང་ཚོགས་ཀྱི་དཀའ་ཁག་ཐག་གཅོད་པ་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས། སྟོབས་ཤུགས་ཡོད་རྒུས་གནོད་ཁུལ་གྱི་མང་ཚོགས་བཀོད་སྒྲིག་དང་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པ་དང་། ལོ་ལོན་བདག་མེད་དང་ཕ་མ་གམ་དུ་མེད་པའི་བྱིས་པ། དཀའ་ཁག་ཅན་གྱི་མང་ཚོགས་བཅས་གཙོ་གནད་དུ་བཟུང་ནས་དོ་སྣང་དང་དམིགས་བསལ་གཟིགས་སྐྱོང་བྱེད་པ། གནོད་སྐྱོབ་དངོས་ཟོག་གི་འགན་སྲུང་ནུས་པ་མཐོར་འདེགས་བཏང་སྟེ། གནོད་ཐེབས་མང་ཚོགས་ལ་དགུན་ལྭ་གོན་རྒྱུ་ཡོད་པ་དང་ཟ་མ་བཟའ་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། བདེ་འཇགས་དྲོད་ལྡན་གྱི་གནས་སྐབས་ཀྱི་སྡོད་ཁང་ཡོད་པར་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་ཞིག་གསོ་བྱས་ནས། གློག་དང་ཆུ་བཀོལ་སྤྱོད་བྱེད་ཐུབ་པར་བྱེད་པ་དང་། དུས་ཐོག་ཏུ་ཁང་བ་དང་བགྲོད་ལམ། ཟམ་པ། རང་བྱུང་སོལ་རླངས་ཀྱི་སྦུག་དྲ་སོགས་ཀྱི་གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས། གནོད་འཚེའི་གནས་ཚུལ་ལ་ཞིབ་དཔྱད་བྱེད་པ་དང་། ཚད་མཐའ་མཐིལ་རྟོགས་བྱེད་པ། གནོད་ཐེབས་མི་ཚོགས་དང་ཁང་བར་གནོད་པ་ཐེབས་པའི་གནས་ཚུལ་ལ་བསྡོམས་རྩིས་གནད་ལ་འཁེལ་བ་བྱས་ཏེ། གོ་རིམ་རྗེས་མའི་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ས་ཡོམ་གྱི་གནས་ཚུལ་དང་གནོད་ཐེབས་གནས་ཚུལ་ལ་རྗེས་འདེད་ཞིབ་གཅོད་བྱེད་པ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱས་ནས། ཞོར་ཐོན་གནོད་འཚེ་ཡིས་མི་སྣ་ཤི་རྨས་བཟོ་བ་དང་རྒྱུ་ནོར་གྱི་གྱོང་གུན་བཟོ་བར་བཀག་འགོག་ནན་མོ་བྱེད་དགོས། སྤྱི་ཚོགས་བདེ་སྐྱོང་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། རོགས་སྐྱོབ་ཡུལ་དངོས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། འགྲིམ་འགྲུལ་སྟོན་ཁྲིད་ལ་ཤུགས་སྣོན་པ། སྲང་ལམ་དུ་སྐོར་ཞིབ་བྱས་ཏེ། སྲོག་སྐྱོབ་ལམ་ཐིག་གེགས་མེད་ཡོང་བར་ཁག་ཐེག་བྱེད་དགོས། དུས་ཐོག་ཏུ་ས་ཡོམ་གྱི་གནས་ཚུལ་དང་གནོད་འཚེ་ཐེབས་པའི་གནས་ཚུལ། ཡོམ་འགོག་རྒུད་སྐྱོབ་སྤེལ་བའི་གནས་ཚུལ་ཡང་དག་ཁྱབ་བསྒྲགས་བྱེད་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པར་ལན་འདེབས་དགོས། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ལ་འཚམས་འདྲི་སེམས་གསོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། གནོད་ཐེབས་ས་ཁུལ་གྱི་དམངས་སེམས་བདེ་བར་ཡོང་བ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་གནད་འགག་སྐབས་སུ་ནུས་པ་ཆེན་པོ་འདོན་པ་དང་བློ་གཏད་ཆོག་པའི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གནད་འགག་གི་སྟོབས་ཤུགས་དེ་བཀོལ་སྤྱོད་བཟང་བོ་བྱེད་དགོས།
ཚོགས་ཐོག་ནས། བསམ་བློའི་ངོས་ཟིན་ཇེ་མཐོར་གཏོང་བ་དང་། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འཕྲལ་བསྟུན་ལས་རེས་ལས་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ལས་རྐང་བརྟན་སྲུང་དང་འགན་འཁྲི་མིའི་སྟེང་འཇོག་པ། ཉེན་སེལ་གནོད་སྐྱོབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།