ལིས་ཆང་དང་ཨུ་རུ་སིའི་ཙུང་ལི་མིས་ཧྲུའུ་ཟི་ཅིན་གིས་མཉམ་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བརྒྱད་པར་མགོ་འཛིན་གནང་།
2023.12.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ12པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་ཙུང་ལི་མིས་ཧྲུའུ་ཟི་ཅིན་དང་མཉམ་དུ། ཀྲུང་ཨུའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བརྒྱད་པར་མགོ་འཛིན་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས།

ལིས་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་འཐབ་ཇུས་སྣེ་སྟོན་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཆུ་ཚད་མཐོན་པོ་དང་རྒྱུན་མཐུད་ངང་འཁོར་སྐྱོད་བྱས་པ་དང་། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ལ། དམངས་ཁྲོད་མཛའ་མཐུན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་ཞིང་། དངོས་སྒྲུབ་མཉམ་ལས་ལ་སྔར་ལས་ཤུགས་བསྣན་པ་དང་། རྒྱལ་སྤྱིའི་མཐུན་སྦྱོར་སྔར་ལས་དམ་ཟབ་ཏུ་ཕྱིན་ནས། རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། སང་ལོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་མི་རབས་ནས་མི་རབས་བར་གྱི་མཛའ་བརྩེ་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་སྔར་ལས་ཆེ་བའི་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མུ་མཐུད་བདེ་སྐྱིད་བསྐྲུན་ནས། འཛམ་གླིང་ལ་སྔར་ལས་མང་བའི་བརྟན་བརླིང་རང་བཞིན་དང་དྲང་ནུས་སྣོན་འདོད་ཡོད་ཅེས་གསུངས།

མིས་ཧྲུའུ་ཟི་ཅིན་གྱིས་ཀན་སུའུ་ཞིང་ཆེན་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་བྱུང་ནས་མི་སྣ་ཤི་རྨས་བྱུང་བར་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་གནང་། མིས་ཧྲུའུ་ཟི་ཅིན་གྱིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་དང་། མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་འབྲེལ་བ་བརྟན་བརླིང་ཡོང་བའི་རྨང་གཞི་རུ་གྱུར་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། དཔལ་འབྱོར་ཚོང་དོན་དང་ནུས་ཁུངས། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་གཞུང་རིག་གནས་བརྗེ་རེས་ཟབ་སྤེལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་འབྲེལ་གཏུག་མཐུན་སྦྱོར་ཇེ་དམ་དུ་གཏོང་བ། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་སླེབས་པ་བཅས་བྱེད་འདོད་ཡོད་ཅེས་གསུངས།

ལིས་ཆང་དང་མིས་ཧྲུའུ་ཟི་ཅིན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་དང་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཨུའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་བྱང་ཤར་ས་ཁུལ་དང་ཨུ་རུ་སིའི་རྒྱང་ཤར་དང་པེ་ཅཱ་ཨར་ས་ཁུལ་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཨུའི་མི་གཞུང་རིག་གནས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མི་བཅས་ཀྱི་བྱ་བའི་སྙན་ཞུར་གསན།

རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་ཕྱོགས་གཉིས་ཀའི་ཨུ་ཡོན་ལྷན་ཁང་སོ་སོའི་ལོ་གཅིག་རིང་གི་ཕན་འབྲས་ཆེ་ལ་དངོས་སྒྲུབ་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ཕྱོགས་གཉིས་ཀས་དེང་སྐབས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀས་དར་རྒྱས་གོང་འཕེལ་གཏོང་བར་རྩེ་གཅིག་ཏུ་གཞོལ་བཞིན་ཡོད། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཕྱོགས་གཉིས་ཀའི་ཚོང་དོན་འགྲོ་འོང་དང་ཞིང་ལས་མཉམ་ལས་རྒྱ་སྐྱེད་བཏང་སྟེ། ཕ་རོལ་པོའི་ཁེ་ལས་ཀྱིས་རང་རྒྱལ་ཁབ་ཏུ་མ་དངུལ་གཏོང་བར་སྔར་ལས་ལེགས་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་ནུས་ཁུངས་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་པ། མི་སྣའི་བརྗེ་རེས་དང་ས་གནས་ཀྱི་མཉམ་ལས་ཇེ་དམ་དུ་གཏོང་བ་བཅས་བྱས་ནས། ཐོན་ལས་ཕྲེང་འབྲེལ་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་པའི་ངོས་འཛིན་གནང་།

ལིས་ཆང་དང་མིས་ཧྲུའུ་ཟི་ཅིན་གྱིས2022ལོ་ནས2023ལོའི་བར་གྱི་ཀྲུང་ཨུའི་ལུས་རྩལ་བརྗེ་རེས་ལོ་དེ་བདེ་བླག་ངང་མཇུག་བསྒྲིལ་བ་དང་། ཕྱོགས་གཉིས་ཀས2024ལོ་ནས2025ལོའི་བར་གྱི་ཀྲུང་ཨུའི་རིག་གནས་ལོའི་བྱེད་སྒོ་ཡག་པོར་གཉེར་རྒྱུ་ཁྱབ་སྒྲོག་གནང་། ཐུག་འཕྲད་བྱས་རྗེས་རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས《ཀྲུང་ཨུའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བརྒྱད་པའི་མཉམ་འབྲེལ་སྤྱི་བསྒྲགས》ལ་མིང་བཀོད་པར་མ་ཟད། འབྲེལ་ཡོད་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཟིན་བྲིས་གནད་བསྡུས་དང་། དེ་བཞིན་འགག་སྒོ་དང་ནད་ཡམས་ཞིབ་བཤེར། ཁྲོམ་རའི་ལྟ་སྐུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

ཧི་ལིས་ཧྥུན་དང་ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་སོགས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།