ཟླ12པའི་ཚེས19ཉིན། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ནས། རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་ལེགས་པའི་སྒོ་ནས་ཁུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་སྣོན་དགོས་ཞེས་ནན་གྱིས་གསུངས།
ཚའེ་ཆི་ཡིས་སྲུང་སྐྱོབ་གཙོ་གནད་དུ་འཛིན་པ་དང་རྒྱུན་འཛིན་སྔོན་ལ་འཇོག་པའི་འདུ་ཤེས་ལ་དམ་པོར་དམིགས་ཏེ། རིག་གནས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་སྒོ་འབྱེད་དཀྱེལ་ཡངས་ཀྱི་བསམ་པ་རྒྱུན་འཁྱོངས་བྱེད་པ། དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོབ་དང་བེད་སྤྱོད་དང་། སྲུང་སྐྱོབ་དང་འཕེལ་རྒྱས། སྲུང་སྐྱོབ་དང་གསར་སྤེལ་སོགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ཁྲོད་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་པ། ཐོག་མཐའ་བར་གསུམ་དུ་སྲུང་སྐྱོབ་གཙོ་གནད་དུ་འཛིན་པ། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་དགོས། སྲུང་སྐྱོབ་མ་ལག་འཛུགས་རྒྱུར་ཤུགས་བསྣན་ནས། རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ནས། སྲུང་སྐྱོབ་ཆེན་མོའི་རྣམ་པ་གྲུབ་པར་བྱེད་དགོས། སྲུང་སྐྱོབ་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་པ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ལོ་རྒྱུས་ཀྱི་རྣམ་པ་སོར་འཇོག་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་མིང་གྲགས་ཆེ་བའི་གྲོང་ཁྱེར་དང་ཁྲོམ་གཞུང་། གྲོང་ཚོ་དང་གྲོང་རྡལ་སོགས་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་དགོས། ཁྲིམས་སྐྱོང་འགན་ལེན་ཇེ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་པ་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་ནན་མོར་བརྟེན་ནས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་དགོས། ཤེས་རིག་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གང་ལེགས་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་ཤེས་རིག་གྲོས་འགོ་ལག་བསྟར་བྱེད་པ། རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ཏང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཏང་ཨུ་དང་སྲིད་གཞུང་གི་རིམ་པ་སོ་སོས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་ལ། དྲིལ་སྒྲོག་སྡེ་ཁག་གི་རིམ་པ་སོ་སོས་རིག་གནས་ཤུལ་བཞག་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་བྱ་བའི་འགན་འཁྲི་གལ་ཆེན་འཁུར་དགོས་པ་ལས་གཞན། རིག་གནས་ཤུལ་བཞག་གཙོ་སྐྱོང་སྡེ་ཁག་གི་རིམ་པ་སོ་སོས་འགན་ནུས་འདོན་སྤེལ་བྱས་ནས་འཆར་འགོད་དོན་འཁྱོལ་དང་སྲིད་ཇུས་དོན་འཁྱོལ། བྱ་བར་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་ཡིས་ཚོགས་འདུར་མགོ་འཛིན་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐེ་ཉིན་དང་རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།