ཀན་སུའུ་ཞིང་ཆེན་གྱི་ཀ་ཇུ་ཧོས་རིགས་རང་སྐྱོང་ཁུལ་ཅི་ཧྲི་ཧྲན་རྫོང་དུ་རིམ་པ6.2ཀྱི་ས་ཡོམ་བྱུང་རྗེས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མྱུར་མོར་ཡོམ་འགོག་རྒུད་སྐྱོབ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡོམ་འགོག་རྒུད་སྐྱོབ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལག་ལེན་དངོས་འབེབས་བྱས་ཤིང་། བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་མྱུར་མོར་ཡོམ་འགོག་རྒུད་སྐྱོབ་བྱས་ནས། ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
བརྡ་ཐོ་ལས་གཞི་རིམ་ཏང་རྩ་འཛུགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་བ་དང་། འཐབ་འཛིང་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཟོལ་མེད་ཀྱིས་ཡོམ་འགོག་རྒུད་སྐྱོབ་བྱ་བ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། མྱུར་མོར་སྐུལ་སློང་བྱས་ཆོག་པའི་སྟོབས་ཤུགས་ཡོད་ཚད་སྐུལ་སློང་བྱས་ནས། ཤུགས་ཆེན་པོས་ཉེན་གྱར་མི་སྣ་སྔོག་བཤེར་དང་རྨས་མའི་གསོ་བཅོས་སོགས་ཀྱི་བྱ་བ་སྤེལ་ཏེ། ཡོམ་འགོག་རྒུད་སྐྱོབ་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ལས་ཡུལ་དང་པོར་སོང་ནས་རང་དཔེ་གཞན་སྟོན་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་ཡོད་ཚད་ལས་མཐོ་བ་དང་མང་ཚོགས་ཀྱི་ཚེ་སྲོག་ཡོད་ཚད་ལས་རྩ་ཆེ་བའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཏུ་བརྩི་བ་དང་། དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཡུལ་དངོས་ནས་བཀོད་འདོམས་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། དོན་དངོས་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་པ། གནོད་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཡོམ་འགོག་རྒུད་སྐྱོབ་བྱེད་པའི་སྲོག་ཤིང་ལྟ་བུ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་གྱིས་ཁག་ཁུར་ཡོད་པའི་སྒོ་ནས་གདོང་མཆོང་བྱེད་པ་དང་། སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྣེ་ཁྲིད་ནས་དཀའ་སྡུག་ལ་མི་འཛེམ་པ་དང་རྒྱལ་ཁ་ལོན་རག་བར་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་དར་སྤེལ་བྱེད་པ། ཏང་ཡོན་གྱི་གདོང་མཆོང་རུ་ཁག་དང་ཏང་ཡོན་གྱི་ཐོལ་བརྒལ་རུ་ཁག ཏང་ཡོན་གྱི་དང་བླངས་ཞབས་ཞུའི་རུ་ཁག་བཅས་སུ་ཧུར་ཐག་སྒོས་ཞུགས་ནས། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་གནད་ཐག་གཅོད་པར་རོགས་རམ་བྱེད་དགོས། སྡེ་ཁག་དང་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ཀྱིས་མཐུན་སྒྲིལ་རོགས་རེས་དང་མཉམ་དུ་དཀའ་ཁག་སེལ་བའི་སྙིང་སྟོབས་དར་སྤེལ་བྱས་ནས། དཀའ་ཁག་ལས་རྣམ་པར་རྒྱལ་བ་དང་ཡོམ་འགོག་རྒུད་སྐྱོབ་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་པའི་འདྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོ་ནས་ལས་བྱེད་པར་རྟོག་ཞིབ་བྱེད་པ་དང་། སྔོན་ཐོན་དཔེ་སྟོན་སྔོག་འདོན་བྱེད་པ། དཔེ་སྟོན་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་སྲུང་བ་དང་དཀའ་སྤྱད་འབད་བརྩོན་བྱེད་པ། སྒེར་སེམས་མེད་པར་ཡོད་ཚད་འབུལ་བ་བཅས་ལ་སྐུལ་མ་བཏང་སྟེ། ཡོམ་འགོག་རྒུད་སྐྱོབ་ཀྱི་ཕྱོགས་ཡོངས་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།