ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚེས19ཉིན་པེ་ཅིང་དུ། ཧི་ལེང་ཧི་ལིས་ཐེབས་རྩའི2023ལོའི་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་།
ཏེན་ཞུའེ་ཞང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལས་དོན་ལ་མཐོང་ཆེན་གང་ལེགས་གནང་ནས། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་དང་སྤྱི་ཁོག་རང་བཞིན། གྲུབ་སྟངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་གལ་ཆེན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་གང་མགྱོགས་ཀྱིས་མངོན་འགྱུར་བྱེད་དགོས་ཞེས་གསུངས།
ཏེན་ཞུའེ་ཞང་གིས་འཇོན་མི་ནི་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་གཙོ་བོ་ཡིན། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱ་རྒྱུ་དེ་མཐར་གཏུགས་ནས་བཤད་ན་ཆུ་ཚད་མཐོ་བའི་གསར་གཏོད་འཇོན་མིར་བརྟེན་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། འཇོན་མི་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་པ། འཇོན་མི་སྣ་ཚོགས་ཀྱི་གསར་གཏོད་གསོན་ཤུགས་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། བྱ་དགའ་ཐོབ་པའི་ཚན་རིག་པས་བྱ་དགའ་དང་གཟི་བརྗིད་དེ་སྒུལ་ཤུགས་དང་ཁག་ཁུར་དུ་འགྱུར་བར་བྱས་ནས། གནད་འགག་རང་བཞིན་དང་མ་རྩོམ་རང་བཞིན། སྣེ་འདོམས་རང་བཞིན་བཅས་ཀྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་གང་མང་ཐོབ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།
ཚའེ་ཏ་ཧྥུན་དང་ཁྲིན་ཝུའུ་ཚོགས་ཆེན་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།