ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མིས་ཧྲུའུ་སི་ཅིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར། ངས་ཐེངས་གཉིས་ལ་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་བར་འགྲོ་འོང་ཟབ་མོ་བྱས་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་བདེ་ཐང་དང་བརྟན་འཇགས་ངང་གོང་འཕེལ་དུ་སོང་། ད་ལོའི་ཟླ་བཅུ་གཅིག་གི་རིང་དུ། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་གཉིས་ཀྱི་ཉོ་ཚོང་ཐད་ནས་སྔོན་དུ་ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་མཉམ་དུ་གཏན་འབེབས་བྱས་པའི་ལོ་ཧྲིལ་བོའི་ཉོ་ཚོང་ཚད་ཨ་སྒོར་ཁྲག་ཁྲིག་གཉིས་ལ་སླེབས་པར་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་མཉེན་གཤིས་ཆེན་པོ་དང་མདུན་ལྗོངས་རྒྱ་ཆེན་པོ་མངོན་པར་བྱས་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གཞིར་བཟུང་ནས་བཀོད་པའི་འཐབ་ཇུས་ཀྱི་གདམ་གསེས་ཡིན། ཀྲུང་གོས་ཨུ་རུ་སིའི་མི་དམངས་རང་བདག་གདམ་གསེས་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོས་ཨུ་རུ་སི་དང་མཉམ་དུ་སང་ལོའི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བ་དེ་འགོ་ཚུགས་ས་གསར་བ་རུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་འབྲེལ་བའི་ཕན་ནུས་ཆེར་བསྐྱེད་པ་དང་། རང་སོ་སོའི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་མུ་མཐུད་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་གཤིས་དྲག་པ་དང་སྦས་ཤུགས་ཆེ་ལ། སླར་གསོའི་བར་སྟོང་ཆེ་བ་དང་ཡུན་རིང་ཇེ་བཟང་དུ་འགྲོ་བའི་གཞི་རྩར་འགྱུར་བ་བྱུང་མེད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། ཨུ་རུ་སི་དང་བཅས་པའི་རྒྱལ་ཁབ་སོ་སོ་འཕེལ་རྒྱས་སུ་གཏོང་བའི་ཐད་གོ་སྐབས་གསར་བ་འདོན་སྤྲོད་བྱེད་དགོས། ཕྱོགས་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་རྟོན་དང་དཔལ་འབྱོར་ཁ་གསབ། སྒྲིག་ཆས་མཉམ་འབྲེལ། དམངས་སེམས་གཅིག་འདྲེས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མཉམ་ལས་ཀྱི་གོ་དོན་ཕུན་སུམ་ཚོགས་པར་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཐོན་ལས་ཕྲེང་འབྲེལ་གྱི་བདེ་འཇགས་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཕྱོགས་གཉིས་ཀྱིས་སང་ལོ་དང་གནངས་ལོའི་ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོ་བཟང་བོར་བསྒྲུབ་པ་དང་། ཕུན་སུམ་ཚོགས་པའི་མི་གཞུང་བརྗེ་རེས་བྱ་འགུལ་མང་པོ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཡུན་རིང་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
མིས་ཧྲུའུ་སི་ཅིན་གྱིས་བསྟན་དོན། ད་ལོར་ཙུང་ཐུང་ཕུའུ་ཅིན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ཐེངས་གཉིས་ལ་གྲོས་མོལ་མཛད་པ་དེས། ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་འདོད་བློ་བརྟན་པོ་མཚོན་ཡོད་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་འདོད་ཡོད། ཁ་སང་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཀྲུང་གོའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་བརྒྱད་པ་བསྡུས། ཨུ་རུ་སི་ཕྱོགས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་བརྟན་བརླིང་ངང་འཕར་སྣོན་བྱུང་བར་ཡིད་ཚིམ་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་སྦས་ཤུགས་སྔོག་འདོན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། རིག་གནས་ལོ་བཟང་བོར་བསྒྲུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཡུན་རིང་མཛའ་མཐུན་སྲ་བརྟན་དུ་གཏོང་འདོད་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རླབས་ཆེན་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུ་བཞིན་ཡོད་པ་དང་། ཀྲུང་གོ་མི་དམངས་ཀྱིས་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་པ་དང་ལོ་གསར་བའི་ནང་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པའི་སྨོན་འདུན་ཞུས་པ་ཡིན་ཟེར།
མིས་ཧྲུའུ་སི་ཅིན་གྱིས་ད་དུང་ཀན་སུའུ་ས་ཡོམ་ཐད་ནས་ཞི་ཅིན་ཕིང་ལ་སུ་རུ་སིའི་སྲིད་གཞུང་དང་མི་དམངས་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་བྱས་པ་དང་། ཨུ་རུ་སིས་ཀྲུང་གོའི་དགོས་མཁོ་ལྟར་རོགས་སྐྱོབ་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། ཞི་ཅིན་ཕིང་གིས་དེའི་ཐད་ནས་བཀའ་དྲིན་ཞུས་པ་དང་། ཀན་སུའུ་དང་མཚོ་སྔོན་དུ་ས་ཡོམ་བྱུང་རྗེས། ཙུང་ཐུང་ཕུའུ་ཅིན་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་མང་པོས་འཚམས་འདྲིའི་གློག་འཕྲིན་བཏང་། ང་ཚོས་སྟོབས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་པ་དང་། འབད་འཐབ་ལྷོད་མེད་སྒོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། མིག་སྔར་གནོད་ཁུལ་གྱི་རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་ཧ་ཅང་མོད་པ་དང་། ས་དེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོའི་འོག གནོད་ཁུལ་གྱི་མི་དམངས་གནོད་འཚེ་ལ་རྒྱལ་བ་དང་ཁྱིམ་གཞི་བསྐྱར་འཛུགས་བྱེད་ཐུབ་པ་ཤ་སྟག་ཡིན་ཞེས་ནན་གྱིས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།