ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ12པའི་ཚེས20ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་པར་མ་ཟད་རེ་བ་བཏོན། ཉི་མ་སྒྲོལ་མ་དང་ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་བ་དང་། རྩ་ཁྲིམས་འཛུགས་སྐྱོང་དང་རྩ་ཁྲིམས་ལག་བསྟར། སང་ལོའི་དཔལ་འབྱོར་བྱ་བ་དམ་འཛིན་བྱེད་པ་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་བྱ་བའི་བཀོད་སྒྲིག་དང་། ཉེན་སེལ་རོགས་སྐྱོབ་ཀྱི་བྱ་བའི་རེ་བ་ལྟར། དམངས་ཆེན་གྱི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ལག་བསྟར་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་དོན་གལ་ཆེན་ཡིད་ལ་འཛིན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་བཀོད་སྒྲིག་གལ་ཆེན་གཙིགས་སུ་འཛིན་པ། དམངས་ཆེན་གྱི་འགན་ནུས་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད་དང་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་གཅིག་འདོམས་བྱེད་དགོས། རྩ་ཁྲིམས་ཀྱི་དབང་ཟིལ་དང་ལ་རྒྱར་སྲུང་སྐྱོབ་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་རང་ཞིང་གི་ས་གནས་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བར་དམིགས་ནས། སང་ལོའི་བྱ་བར་འཆར་འགོད་ནན་མོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ། དམངས་ཆེན་ལས་ཁུངས་ཀྱི་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་གྲུབ་པར་བྱེད་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། དམངས་ཆེན་འཐུས་མིས་མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་པའི་དགེ་མཚན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཉེན་སེལ་གནོད་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཁྲོད་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་དང་འགོ་ཁྲིད་ལས་བྱེད་པའི་ཞུ་གཏུག་དང་ལེན་བྱེད་པ་དང་། འཚམས་འདྲི་བྱེད་པ། འཕྲིན་བཅར་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་བྱེད་ཐབས་འགའ་དང་། ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མིས་མང་ཚོགས་ཀྱི་འཕྲིན་བཅར་སྣེ་ལེན་བྱེད་པའི་བྱ་བའི་ལམ་ལུགས་སོགས་ལ་གྲོས་སྡུར་བྱས།

རིན་ཆེན་མཚོས་བསྒྱུར།