ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས19ཉིན་ནས་ཚེས20ཉིན་བར་པེ་ཅིང་དུ་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ལ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པར་མ་ཟད། མིག་སྔའི“ཞིང་གསུམ”བྱ་བར་འཕྲད་པའི་གནས་བབ་དང་འགྲན་སློང་ལ་དབྱེ་ཞིབ་བྱས་པ་དང་། 2024ལོའི“ཞིང་གསུམ”བྱ་བར་བཀོད་སྒྲིག་བྱས།
ཏང་ཀྲུང་དབྱང་གིས་ཐེངས་འདིའི་གྲོས་ཚོགས་ལ་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། ཚོགས་འདུ་མ་འཚོགས་པའི་སྔོན་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་དུ། ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོགས་ནས“ཞིང་གསུམ”བྱ་བ་ཡག་པོར་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བར་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས2023ལོར་ང་ཚོས་ཅུང་ཚབས་ཆེ་བའི་རང་བྱུང་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ངན་པ་མང་པོ་ཁྱད་སེལ་བྱས་ཏེ། འབྲུ་རིགས་ཐོན་ཚད་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་དང་། ཞིང་པའི་ཡོང་འབབ་མགྱོགས་མྱུར་ངང་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བཅས་བྱུང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཞིང་ལས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་འབེན་གཏན་འཁེལ་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”བྱ་བའི་སྤྱིའི་དམ་འཛིན་བྱེད་སར་བརྩིས་ནས། “བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་བེད་སྤྱོད་བྱེད་དགོས་ལ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་སྲིད་ཇུས་ལག་བསྟར་བྱེད་པ། གོམ་པ་རིམ་བགྲོད་དང་སྙིང་རུས་ཆེན་པོས་བྱས་རྗེས་འཇོག་པ། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས། མང་ཚོགས་ཀྱིས་དངོས་སུ་ཚོར་ཐུབ་པའི་དོན་དངོས་མང་དག་ཅིག་བསྒྲུབ་དགོས། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་འབབ་འཕར་སྣོན་ཡོང་བར་བྱེད་པ་གཉིས་ཀྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ནས། ཞིང་ནགས་ཕྱུགས་ཉ་བཅས་མཉམ་འཛིན་བྱས་ཏེ། སྣེ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས། རྨོ་ཞིང་གི་སྲོག་རྩ་སྔར་ལས་བརྟན་སྲུང་བྱས་ཏེ། རྨོ་ཞིང་གང་བྱུང་དུ་བཟུང་བ་དང་རྨོ་ཞིང་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་དང་དོ་དམ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། རྨོ་ཞིང་གི་གྲངས་འབོར་འགན་ལེན་དང་སྤུས་ཚད་མཐོར་གཏོང་ལ་འགན་ལེན་བྱེད་དགོས། ཚན་རྩལ་དང་བཅོས་སྒྱུར་གཉིས་ཀྱི་མཉམ་འགུལ་ལ་ཤུགས་སྣོན་པ་དང་། ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ།“ཞིང་གསུམ”ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཞིང་ལས་དེང་རབས་ཅན་ལ་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་དམ་འཛིན་ཡག་པོ་བྱས་ནས། ཞིང་ལས་ཀྱི་གནོད་སེལ་གནོད་འགོག་གནོད་སྐྱོབ་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། གཞི་ཁྱོན་ཆེ་བའི་སྒོ་ནས་དབུལ་པོ་ཡང་བསྐྱར་མི་འབྱུང་བར་འགན་ལེན་བྱས་ནས། དབུལ་པོ་བསྐྱར་འབྱུང་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ། ནང་ངོས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་རྒྱུ་དང་། ཞིང་པའི་ཡོང་འབབ་འཕར་སྣོན་བྱེད་ཐབས་ལ་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པར་འབད་འབུངས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཞིང་གསུམ”བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ཕྲག་སྟེང་དུ་འཁུར་བ། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པ་དང་། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི “གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲིའི་བཅོས་སྒྲིག”གི་བཟོ་སྐྲུན་ཉམས་མྱོང་ལ་སློབ་སྦྱོང་དང་དེ་བེད་སྤྱོད་ནུས་ལྡན་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་དང་གཙོ་རྒོལ་ཁ་ཕྱོགས་ལ་གསལ་བཤད་ཡང་དག་གནང་ཡོད་པས། དེར་བསམ་བློའི་སྣེ་སྟོན་རང་བཞིན་དང་འཐབ་ཇུས་ཀྱི་མཛུབ་སྟོན་རང་བཞིན། དོན་དངོས་ཀྱི་དམིགས་འབེན་རང་བཞིན་བཅས་ཆེན་པོ་ལྡན་ལ། དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་ལག་ལེན་གྱི་ཕྱོགས་སྟོན་ཡང་ཡིན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ།“གཏན་ཕབ་གཉིས”ལ་བློ་བརྟན་འགྱུར་མེད་ངང་གོང་བཀུར་བྱེད་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། དེའི་དོན་སྙིང་དང་ལག་ལེན་གྱི་བླང་བྱར་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྟངས་འཛིན་ནན་མོ་བྱས་ཏེ། ཇི་མ་ཇི་བཞིན་ངང་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས“བཟོ་སྐྲུན་ཁྲི་སྟོང་”ཁྲོད་འདུས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་བྱ་བ་སྒྲུབ་སྟངས། སྐུལ་འདེད་ལམ་སྲོལ་བཅས་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། ཞིང་པ་མང་ཚོགས་ལ་བསམ་འཆར་ཆེ་བའི་དངོས་ཡོད་གནད་དོན་ལ་དམ་པོར་དམིགས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་འཇུག་སྒོ་ཡང་དག་པ་མ་ནོར་བའི་སྒོ་ནས་བཙལ་ནས་བྱ་བའི་ཕན་འབྲས་ཆེ་རུ་གཏོང་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བྱེད་རྒྱུ་དམ་འཛིན་ལེགས་པོ་བྱེད་རྒྱུ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱེད་པ། གཞི་ཁྱོན་ཆེན་པོའི་སྒོ་ནས་མུའུ་རེའི་འབྲུ་རིགས་ཀྱི་ཐོན་ཚད་མང་དུ་འཕེལ་བར་སྐུལ་འདེད་གཏོང་བ། སྲན་ཆེན་འདེབས་ཁྱོན་རྒྱ་སྐྱེད་དུ་གཏོང་བའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། འབྲུ་རིགས་ཐོན་འཚོང་ཁུལ་དང་ཞིང་ཆེན་བར་གྱི་ཁེ་ཕན་གསབ་རེས་བྱེད་པའི་ལམ་སྲོལ་འཚོལ་ཞིབ་གང་ལེགས་བྱས་ཏེ་དངོས་སུ་འཛུགས་པ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ནས། 2024ལོར་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་གཅིག་དང་སྟོང་གསུམ་ཡན་རྒྱུན་འཁྱོངས་ཐུབ་པར་འགན་ལེན་ནན་མོ་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད། སྐྱེ་ཁམས་བཅས“གནས་གསུམ་གཞི་གཅིག”གི་སྲུང་སྐྱོབ་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། བྱང་ཤར་གྱི་ས་ནག་ཁུལ་དང་བདེ་ཐང་ཁུལ། ཆུ་བེད་ཆུ་འདྲེན་གྱི་ཆ་རྐྱེན་འཛོམས་པའི་ས་ཁུལ་བཅས་ཀྱི་རྨོ་ཞིང་དམིགས་སུ་བཀར་ནས་སྔོན་ལ་ཚད་གཞི་མཐོ་བའི་ས་ཞིང་དུ་བསྐྲུན་ཏེ། དངུལ་གཏོང་ཁ་གསབ་རོགས་དངུལ་སྤྲོད་པའི་ཆུ་ཚད་འོས་འཚམ་ངང་ཇེ་མཐོར་གཏོང་དགོས། ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ས་བོན་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། ཕྱིར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་མངོན་སུམ་གྱིས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་འགྲོ་ཚད་ཞན་པའི་ས་ཁུལ་དུ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་རྒྱུ་དང་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། གནད་ཁེལ་དངོས་གཉེར་གྱི་སྒོ་ནས་གྲོང་གསེབ་ཀྱི་ཐོན་ལས་གསོ་སྐྱོང་བྱེད་རྒྱུ་དང་། མཉམ་འབྲེལ་སྒོས་ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སྤེལ་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་མི་འབོར་འགྱུར་ལྡོག་འགྲོ་ཕྱོགས་དང་འཚམ་པར་བྱེད་རྒྱུ་དང་། གྲོང་སྡེ་ཡི་ཕྱིའི་བཀོད་པ་དང་ཐོན་ལས་གྲུབ་ཚུལ། སྤྱི་པའི་ཞབས་ཞུ་བཀོད་སྒྲིག་བཅས་སྔར་ལས་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནན་མོ་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་གསབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་གྱུར་ངང་འཆར་འགོད་བྱེད་རྒྱུ་དང་། རྫོང་མཁར་གྱི་ཕྱོགས་བསྡུས་ཐེག་ནུས་དང་བཅོས་སྐྱོང་བྱེད་ནུས་མངོན་སུམ་གྱིས་ཆེ་རུ་གཏོང་བ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་འཛུགས་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། དུས་བདེའི་གྲོང་གསེབ་འཛུགས་སྐྲུན་བཅས་བྱེད་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ། གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་བཅོས་སྒྱུར་གསར་གཏོད་ལ་ཤུགས་བསྣན་ནས། ཚད་མཐའ་བརྟན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ས་གནས་ཁག་གི་ལག་ལེན་འཚོལ་ཞིབ་དང་ལམ་ལུགས་གསར་གཏོད་ལ་སྐུལ་མ་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱུ་དང་། རིམ་པ་ལྔ་པའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིར་སྟངས་འཛིན་ནན་མོ་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་པ་བཅས་བྱེད་དགོས། བྱ་བ་སྒྲུབ་སྟངས་དང་སྒྲུབ་ཐབས་ལེགས་བཅོས་བྱེད་རྒྱུ་དང་སྤྱོད་ཚུལ་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱེད་པ། རང་བྱུང་གི་ཆོས་ཉིད་དང་དཔལ་འབྱོར་གྱི་ཆོས་ཉིད། སྤྱི་ཚོགས་གོང་སྤེལ་གྱི་ཆོས་ཉིད་བཅས་དང་ཀུན་ནས་བསྟུན་པ། བྱ་བ་སྒྲུབ་དུས་ཀྱི་ཕན་འབྲས་ཁོང་དུ་ཆུད་པར་བྱེད་པ་བཅས་ལ་འབད་དགོས། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་“ཞིང་གསུམ”བྱ་བའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ཡོང་བར་དམ་འཛིན་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན།
རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། འཆར་གཞི་ལོགས་བཀར་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་དངུལ་རྩའི་ལས་ཁུངས། ཁེ་ལས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།