ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ12པའི་ཚེས20ཉིན།    ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།    ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་གི་རིམ་པ6.2ཀྱི་ས་ཡོམ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།    ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར།    ཡོམ་འགོག་རྒུད་སྐྱོབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད་པ་དང་། དུས་ཐོག་ཏུ་ཡོམ་འགོག་རྒུད་སྐྱོབ་བྱ་བ་བཟང་བོར་སྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་ང་ཚོས་བྱ་བ་བཟང་བོར་སྒྲུབ་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་པ་དང་།    ཞིང་ཆེན་གོང་འོག་ཡོངས་ཀྱི་ཡིད་ཆེས་དང་སྤོབས་པ་ཇེ་ཆེར་བཏང་།    ཙུང་ལི་ལིས་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་གི་སྣེ་ཁྲིད་དེ་ཡུལ་དངོས་སུ་ཡོང་ནས་མཛུབ་སྟོན་དང་བླང་བྱ་གསལ་བོ་བཏོན་པ་དེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་གནང་བཞིན་པ་གང་ལེགས་ཀྱིས་མཚོན་ཡོད།     ངེས་པར་དུ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་།      ཡོམ་འགོག་རྒུད་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་བློ་བརྟན་འགྱུར་མེད་སྒོས་ཁག་ཁུར་བཟང་བོ་བྱེད་པ།    ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་སྟོབས་ཤུགས་ཡོད་རྒུས་བཟང་བོར་སྒྲུབ་ནས་ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་དུ།   སྟོབས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱ་བ་བཟང་བོར་སྒྲུབ་པ་དང་རོགས་སྐྱོབ་ཀྱི་དུས་ཚོད་བཟང་བོ་དམ་འཛིན་ནན་མོ་བྱེད་པ།    དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་གར་སོང་མི་ཤེས་པའི་མི་སྣ་འཚོལ་སྐྱོབ་བྱེད་པ་བཅས་བྱས་ཏེ་མི་གཅིག་ཀྱང་མི་ལུས་པར་འགན་སྲུང་བྱེད་དགོས།   སྟོབས་ཤུགས་ཡོད་རྒུས་སྨན་བཅོས་རོགས་སྐྱོབ་བྱ་བ་བཟང་བོར་སྒྲུབ་ནས་ཚན་རིག་ལྟར་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་རྨས་མ་རྐྱེན་ལམ་དུ་ཤོར་བ་དང་དབང་བོ་སྐྱོན་ཅན་དུ་འགྱུར་ཚད་ཚད་ཆེས་ཆེན་པོས་ཇེ་ཉུང་དུ་གཏོང་དགོས་པ་དང་གནོད་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་བྱ་བར་ཤུགས་སྣོན་དགོས།   སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བཟང་བོ་བྱེད་པ་དང་རོགས་སྐྱོབ་སྟོབས་ཤུགས་དང་འཕྲལ་བསྟུན་དངོས་ཟོག་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བརྩེ་བ་དང་ནུས་ཤུགས་ཡོད་པའི་སྒོ་ནས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་སེམས་གསོ་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་།   ལྭ་བ་ཡོད་པ་དང་ཟ་མ་ཡོད་པ།   བཏང་ཆུ་གཙང་མ་ཡོད་པ།   བདེ་འཇགས་དྲོད་ཁོལ་ལྡན་པའི་གནས་སྐབས་ཀྱི་སྡོད་གནས་ཡོད་པ་བཅས་ལ་འགན་སྲུང་བྱེད་དགོས།     སྟོབས་ཤུགས་ཡོད་རྒུས་གནོད་འཚེ་ཡང་བསྐྱར་འབྱུང་བར་འགོག་ཟོན་བྱས་ཏེ་ས་ཡོམ་གྱི་གནས་ཚུལ་དང་གནམ་གཤིས།     ས་གཤིས་གནོད་འཚེ་བཅས་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡར་ཤུགས་སྣོན་པ་དང་།     ཆུ་བེད་བཟོ་སྐྲུན་དང་གཞུང་ལམ།  ལྕགས་ལམ།     ཕུག་ལམ་སོགས་གནས་གལ་ཆེན་གྱི་ཞིབ་བཤེར་ཐག་གཅོད་ཇེ་དྲག་ཏུ་གཏོང་དགོས་ལ།    སློབ་གྲྭ་དང་སྨན་ཁང་།    རྒན་གསོ་ཁང་སོགས་གནས་ཡུལ་གཙོ་བོའི་ཞིབ་བཤེར་ཤུགས་ཚད་ཆེ་རུ་གཏོང་དགོས།    སྟོབས་ཤུགས་ཡོད་རྒུས་གནོད་འཚེའི་གནས་ཚུལ་གྱི་ཞིབ་བཤེར་བྱ་བ་བཟང་བོར་སྒྲུབ་ནས་དངོས་ཐོག་བདེན་འཚོལ་སྒོས་གནོད་ཐེབས་མི་གྲངས་དང་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་གནོད་སྐྱོན་གནས་ཚུལ་ལ་དཔྱད་ཞིབ་གདེང་འཇོག་བྱས་ཏེ་ཁྱོན་ཡོངས་ལ་ཁེབས་པ་དང་དོན་དངོས་རང་བཞིན་ལ་འགན་སྲུང་བྱེད་དགོས།    སྟོབས་ཤུགས་ཡོད་རྒུས་གཅིག་གྱུར་འཆར་འགོད་བྱ་བ་བཟང་བོར་སྒྲུབ་ནས་དངོས་ཟོག་དང་མ་དངུལ་དང་མི་སྣ་བཅས་གཅིག་གྱུར་འཆར་འགོད་བཟང་བོ་བྱས་ཏེ་ཡོམ་འགོག་རྒུད་སྐྱོབ་དང་ལོ་མཇུག་ལོ་འགོའི་བྱ་བ་གཙོ་བོ་སོ་སོ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།