ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་རྒྱུན་མཐུད་ངང་འཕེལ་བར་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཆེད་དོན་སློབ་སྦྱོང་ཐེངས་ལྔ་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཆེད་དོན་སློབ་སྦྱོང་ལ་འགོ་འཛིན་གནང་། ཧྭ་ཏུང་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལོ་ཕེ་ཞིན་གྱིས་གསལ་འགྲེལ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་དང་། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་དང་། ཝུའུ་ཀྲིན་ལུང་གིས་བརྗེ་རེས་གཏམ་བཤད་སྤེལ།
ལིས་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས་བསྟན་དོན། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་ནི་ཁྲོམ་རའི་གསོན་ཤུགས་བསྐྱེད་པ་དང་། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བའི་འགག་རྩའི་བྱ་སྤྱོད་ཅིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས་ཐོག་མཐའ་བར་གསུམ་དུ་གནད་དོན་ཁྲིད་ཕྱོགས་དང་དགོས་མཁོའི་ཁྲིད་ཕྱོགས་མཐའ་འཁྱོངས་ཀྱིས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་པོར་མུ་མཐུད་ཤུགས་སྣོན་པ་དང་། སྙིང་རུས་གཏན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་གསུངས།
ལིས་ཆང་གིས་ནན་གྱིས་བསྟན་དོན། དྲང་གཞག་འགྲན་རྩོད་ལ་སྔར་ལས་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་ཁྲོམ་ར་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་ལྟ་སྟངས་གཅིག་མཚུངས་ངང་རྒྱབ་སྐྱོར་བཅས་བྱེད་དགོས། རིགས་སོ་སོའི་གཉེར་སྐྱོང་གཙོ་ཤུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་སྔར་ལས་ཡག་པོ་བྱ་རྒྱུར་དམིགས་ནས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། གཞུང་དྲང་དང་དཔལ་ཡོན་གྱི་ཁྲིམས་འཛིན་ཚད་ལྡན་ནན་མོ་ཡོང་བ་བཅས་བྱས་ནས་བརྟན་ལྷིང་དང་། ཁ་གསལ། ཚད་ལྡན། སྔོན་དཔག་ཐུབ་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་གཏོད་དགོས། ཚོང་དོན་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རྒྱལ་སྤྱི་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་སོགས་ལས་སྟེགས་ཀྱི་གནོན་ཤུགས་ཚོད་ལྟའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
ལིས་ཆང་གིས་བསྟན་དོན། སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། མང་ཚོགས་དང་ཁེ་ལས་ཀྱི་སྲིད་དོན་ཞབས་ཞུ་རྒྱུན་ཆད་མེད་པར་རིམ་སྤོར་བྱེད་པའི་དགོས་མཁོ་དང་བསྟུན་ནས། “ཕན་འབྲས་མཐོན་པོས་བྱ་བ་གཅིག་ལེགས་འགྲུབ་བྱེད་པའི”བྱེད་ཐབས་བཟང་པོ་སྔར་ལས་མང་པོ་འདོན་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ཕན་ནུས་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཤ་བོ་གསེར་མཚོས་བསྒྱུར།