ཟླ12པའི་ཚེས20ཉིན། རྒྱལ་ཁབ་ཀྱི་མཀྲུའུ་ཞི་ཞི་ཅིན་ཕིང་གིས་ནི་ཁ་ར་ཀའི་ཙུང་ཐུང་ཨོར་ཐི་ཅ་ལ་ཁ་པར་བཏང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ནི་ཁ་ར་ཀའི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་གཉིས་ཀྱི་སྔོན་ལ། ཙུང་ཐུང་ཨོར་ཐི་ཅ་དང་ཙུང་ཐུང་གཞོན་པ་མུའུ་ལིས་ལུའེ་གཉིས་ཀྱིས་ཀྲུང་གོ་དང་ནི་ཁ་ར་ཀའི་འབྲེལ་བ་སླར་གསོ་བྱེད་པའི་ཆབ་སྲིད་ཀྱི་བརྡར་གཅོད་བྱས་པ་དང་། ཁྱེད་གཉིས་ཀྱིས་ཀྲུང་གོ་དང་ནི་ཁ་ར་ཀའི་འབྲེལ་བའི་ཐད་བཞག་པའི་བྱས་རྗེས་གལ་ཆེན་ནམ་ཡང་ལོ་རྒྱུས་ཁྲོད་བསུབ་མེད་དུ་གནས་ཡོད། འབྲེལ་བ་སླར་གསོ་བྱས་ནས་ལོ་གཉིས་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་ཚོད་ཀྱི་རླབས་རྒྱུན་དང་འགྲོགས་ནས་ཀྲུང་གོ་དང་ནི་ཁ་ར་ཀའི་འབྲེལ་བར་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱིས་དོ་སྣང་བྱེད་པའི་ལྟེ་བའི་ཁེ་ཕན་དང་གནད་དོན་གལ་ཆེན་སྟེང་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་དངོས་གཉེར་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་པར་མ་ཟད་འཕེལ་རིམ་མངོན་གསལ་བླངས། ངས་ཙུང་ཐུང་ཨོར་ཐི་ཅ་དང་མཉམ་དུ། དེ་རིང་ཁྱབ་བསྒྲགས་བྱས་པའི་ཀྲུང་གོ་དང་ནི་ཁ་ར་ཀའི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་མགོ་རྩོམ་ས་གསར་བར་བྱས་ནས་ཀྲུང་གོ་དང་ནི་ཁ་ར་ཀའི་འབྲེལ་བར་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནི་ཁ་ར་ཀའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་ཐེངས་མང་བསྒྲགས་པ་དང་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ནི་ཁ་ར་ཀའི་བློ་གཏད་ཆོག་པའི་གྲོགས་པོ་བྱེད་འདོད་ཡོད་ལ། ནི་ཁ་ར་ཀའི་རྒྱལ་ཁབ་རང་བཙན་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོང་བྱེད་འདོད་ཡོད་པ་དང་། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནི་ཁ་ར་ཀ་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་དང་དབུལ་ཕོངས་ལས་སྒྲོལ་བ་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་འདོད་ཡོད། ངས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྟེང་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་འགུལ་སྐྱོད་ཆེན་མོ་བརྒྱད་བཏོན་ཡོད་ལ། ནི་ཁ་ར་ཀ་ཕྱོགས་ཀྱིས་སྦྲེལ་མཐུད་ཧུར་ཐག་བྱེད་པར་དགའ་བསུ་ཞུས་པ་ཡིན། ཀྲུང་གོ་དང་ནི་ཁ་ར་ཀའི་རང་མོས་ཉོ་ཚོང་གྲོས་མཐུན་དེ་སང་ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ནུས་ལྡན་དུ་གྱུར་བ་ཡིན་ལ། དེ་ནི་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཉམ་ལས་གྲུབ་འབྲས་ཡིན་པ་དང་། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་རྒྱ་དང་ཆུ་ཚད་མུ་མཐུད་མཐོར་འདེགས་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྟོབས་ལྡན་ནི་ཁ་ར་ཀར་བསྐྱོད་ནས་དངུལ་གཏོང་དང་ཚོང་གཉེར་བྱེད་པ་དང་། ནི་ཁ་ར་ཀ་ཕྱོགས་ཀྱི་དགོས་མཁོ་བསྐོང་བ་དང་ནི་ཁ་ར་ཀར་རོགས་བྱས་ནས་ནི་ཁ་ར་ཀའི་མི་དམངས་ལ་ཕན་སྔར་ལས་མང་པོ་འདོགས་དགོས། ཀྲུང་གོ་ཕྱོགས་ཀྱིས་ནི་ཁ་ར་ཁ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་འདོད་ཡོད་ལ། རྒྱལ་སྤྱིའི་སྒྲིག་ལམ་དྲང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཨོར་ཐི་ཅ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོས་ཀུན་གྱིས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་བླངས་པ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོ་དབུལ་ཕོངས་ལས་བསྒྲོལ་བར་མ་ཟད། འཛམ་གླིང་ཞི་བདེར་སྐུལ་འདེད་དང་ལྷག་པར་ཨ་ཤེ་ཡ་གླིང་དང་ཧྥེ་གླིང་། ལ་ཏེན་མེ་གླིང་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་འཕེལ་རྒྱས་མཉམ་སྤྱོད་དང་བདེ་སྐྱིད་ཡོང་བར་བྱས་རྗེས་གལ་ཆེན་བཞག་ལ། འཛམ་གླིང་ལ་རེ་བ་དང་སྟོབས་ཤུགས་བསྩལ་ཡོད། ནི་ཁ་ར་ཀ་དང་ཀྲུང་གོའི་འབྲེལ་བ་སླར་གསོ་བྱས་པའི་ལོ་གཉིས་ཀྱི་རིང་ལ། ངས་གཟི་བརྗིད་ལྡན་པའི་ངང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ནི་ཁ་ར་ཀ་དང་ཀྲུང་གོའི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་ཡིན་ལ། འདི་ཉིད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་འགྱུར་ངེས། ནི་ཁ་ར་ཀ་ཕྱོགས་ཀྱིས་ཀྲུང་གོས་ནི་ཁ་ར་ཀའི་བདག་དབང་དང་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དང་། ནི་ཁ་ར་ཀའི་འཕེལ་རྒྱས་དང་དམངས་ཚིས་ཇེ་ལེགས་སུ་གཏོང་བར་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན། ནི་ཁ་ར་ཀ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ། ཀྲུང་གོ་གཅིག་གྱུར་གྱི་ལས་དོན་ཆེན་པོ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་སོགས་འཛམ་གླིང་ཧྲིལ་བོའི་མཉམ་ལས་གྲོས་འགོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཨོར་ཐི་ཅ་ཡིས་ཀན་སུའུ་རུ་ས་ཡོམ་བྱུང་བའི་ཐད་ནས་ཞི་ཅིན་ཕིང་ལ་ནི་ཁ་ར་ཀའི་མི་དམངས་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་བྱས། ཞི་ཅིན་ཕིང་གིས་དེར་བཀའ་དྲིན་ཞུས་པ་དང་། ས་ཡོམ་བྱུང་རྗེས་སུ། ངས་མྱུར་བ་མྱུར་དུ་མཛུབ་སྟོན་བྱས་ནས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཏེ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུའི་རེ་བ་བཏོན་པ་ཡིན་ཞེས་གསུངས།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཁ་པར་བཏང་བའི་རྗེས་སུ། ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནི་ཁ་ར་ཀ་སྤྱི་མཐུན་རྒྱལ་ཁབ་བར་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
མི་ཕམ་མགོན་པོས་བསྒྱུར།