ཟླ12པའི་ཚེས21ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཟི་ལིང་གྲོང་ཁྱེར་དུ་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གྱི་འབུར་ཐོན་གནད་དོན་ཕྱོགས་བསྡུས་བཅོས་སྒྱུར་སྐུལ་སྤེལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་བྱ་བའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་ནན་མོ་བྱེད་པ་དང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཁྲོད་ཀྱི་འབུར་ཐོན་གནད་དོན་སྔར་ལས་འཚོལ་བཤེར་བྱེད་པ། བཅོས་སྒྱུར་འགན་འཁྲི་ནན་དཀྲི་བྱེད་པ་དང་སྲུང་སྐྱོང་གཉིས་ལག་བསྟར་བྱེད་པའི་མཐོ་ཚད་ནས་ལངས་ཏེ་རྩ་བ་ནས་བཅོས་སྒྱུར་བྱེད་དགོས་ལ། ཕྱོགས་བསྡུས་བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་ཏན་ཏན་ཏིག་ཏིག་གིས་ལག་བསྟར་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་གཏམ་བཤད།
ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གྱི་འབུར་ཐོན་གནད་དོན་དང་ཕྱོགས་བསྡུས་བཅོས་སྒྱུར་བྱ་བའི་སྙན་ཞུར་ཉན་རྗེས་ཁྲིན་ཀང་གིས་བསྟན་དོན། མཚོ་སྔོན་ལ་མཚོན་ནས་བཤད་ན། སྐྱེ་ཁམས་སྲུང་སྐྱོབ་ནི་ཆབ་སྲིད་རང་བཞིན་ཆེས་ཆེར་ལྡན་པའི་ལས་དོན་ཞིག་ཡིན་ལ། ལས་རིགས་རང་བཞིན་ཆེས་ཆེར་ལྡན་པའི་ཆབ་སྲིད་ཀྱི་བྱ་བ་ཞིག་ཀྱང་ཡིན་པས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ངེས་པར་དུ་དར་ཆ་མངོན་གསལ་ཡིན་དགོས། ཆབ་སྲིད་ཀྱི་རིགས་ལམ་གསལ་བོ་སེམས་ལ་སིམ་དགོས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པའི་མཐོ་ཚད་ནས་ལངས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་རྒྱལ་དོན་གལ་ཆེན་ཐད་ཀྱི་མངགས་བཅོལ་ལག་བསྟར་བྱེད་པ་དང་། ཆབ་སྲིད་སྟེང་ལྟ་བ་དང་ཆབ་སྲིད་སྟེང་སྒྲུབ་པ། བསམ་བློའི་སྟེང་ཚད་མཐའ་འཛིན་པ། བྱ་སྤྱོད་སྟེང་ཚད་མཐའ་སྲུང་ནས་ལམ་ལ་བུད་པ་ནས་འགུལ་སྐྱོད་ཡོད་པ་དང་འགུལ་སྐྱོད་ཡོད་པ་ནས་བྱས་འབྲས་ཡོད་པར་འབད་དགོས། གནད་དོན་རྩ་བ་ནས་བཅོས་སྒྱུར་བྱེད་དགོས། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པ་དང་གནད་དོན་བཅོས་སྒྱུར་ནན་མོ་བྱེད་པ། གནད་དོན་ཐག་གཅོད་པ། ནུས་ཤུགས་གཅིག་ཏུ་བསྡུས་ནས་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་རིགས་དབྱེ་ཐག་གཅོད་བྱེད་པ། དུས་ཚོད་རེའུ་མིག་དང་འགན་ཁུར་ཡི་གེ འགན་ཁུར་མི་སྣ་བཅས་གཏན་ཁེལ་གསལ་བོ་བྱས་ནས་དུས་ལྟར་བཅོས་སྒྱུར་བྱེད་དགོས།
འགན་ཁུར་མི་སྣ་གཙོ་བོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ས་གནས་དང་སྡེ་ཁག ཁེ་ལས་བཅས་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་བ། འགན་འཁྲིའི་སྦྲེལ་ཐག་ཇེ་དམ་དུ་གཏོང་དགོས། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་འགན་འདེད་འགན་འདྲི་བྱེད་དགོས། དོན་རྐྱེན་བརྒྱུད་ནས་འབྲེལ་ཡོད་མི་སྣ་བཙལ་བ་དང་དོན་རྐྱེན་ཐད་རྐང་བཙུགས་ནས་སྤྱོད་ཚུལ་དང་རུལ་སུངས་གནས་ཚུལ་ལ་མཉམ་བཤེར་བྱེད་པ་དང་འགན་སྒྲུབ་གནད་དོན་དང་སྤྱོད་ཚུལ་གནད་དོན། རུལ་སུངས་གནད་དོན་ལ་ཞིབ་བཤེར་བྱས་ནས་འགན་ཁུར་གསལ་བོ་བྱེད་པ་དང་། གནད་དོན་རྙེད་ཚེ་བརྟག་དཔྱད་གསལ་བོ་མ་བྱས་པར་མི་བསྐྱུར་བ་དང་འགན་འཁྲི་ལག་བསྟར་མ་བྱས་པར་མི་བསྐྱུར་བ། བཅོས་སྒྱུར་ནན་མོ་མ་བྱས་པར་མི་བསྐྱུར་བ། གནད་དོན་ཐག་གཅོད་མ་བྱས་པར་མི་བསྐྱུར་བ་བཅས་བྱེད་དགོས། ཡུན་རིང་འཕེལ་རྒྱས་ལ་འཆར་འགོད་དང་དམ་འཛིན་ནན་མོ་བྱེད་དགོས། ཐེངས་འདིའི་དཔེ་མཚོན་གནད་དོན་བཅོས་སྒྱུར་བྱེད་པ་གོ་སྐབས་སུ་བྱས་ནས་སྤུས་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། མིག་སྔའི་གནད་དོན་ལ་དམིགས་ནས་མྱུར་དུ་བཅོས་སྒྱུར་ཕན་འབྲས་ཐོན་པར་བྱེད་པ་དང་ཡུན་རིང་ལ་རྐང་ཚུགས་པར་བྱེད་དགོས། རྩ་བའི་གནད་དོན་ཐག་བཅད་ནས་ཚྭ་མཚོའི་ཐོན་ལས་ཀྱི་བར་སྟོང་སྒྲིག་བཀོད་འཆར་འགོད་བཟོ་བ་དང་གླིང་ཁུལ་ཅན་གྱི་དོ་དམ་ལག་བསྟར་བྱེད་པ། ལས་རིགས་ཚད་གཞི་གཏན་འབེབས་བྱེད་པ། ཁྲིམས་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། གོ་རིམ་ཧྲིལ་བོའི་ལྟ་རྟོག་དོ་དམ་ཇེ་དྲག་ཏུ་གཏོང་བ། ཚྭ་མཚོའི་ཐོན་ལས་ཀྱི་ཕྲེང་འབྲེལ་ཧྲིལ་བོ་ལྷད་མེད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་འཛམ་གླིང་རང་བཞིན་གྱི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ལིའུ་ཆི་ཧྥན་གྱིས་བསྟན་དོན། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གཅིག་གྱུར་བྱེད་པ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་ཁེ་ལས་དེའི་ཁྲོད་ཞུགས་པར་སྣེ་ཁྲིད་ནས་ཆུའི་གནས་ཚུལ་དང་བསྟུན་ནས་ཐོན་སྐྱེད་བྱེད་པ་དང་གཏེར་ཁའི་གནས་ཚུལ་དང་བསྟུན་ནས་ཐོན་སྐྱེད་བྱེད་དགོས། ཚན་རྩལ་གསར་སྐྲུན་སྟེགས་བུ་འཛུགས་པ་དང་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། ཚྭ་མཚོའི་ཐོན་ལས་ཀྱི་གནད་འགག་ལག་རྩལ་ཐད་ཀྱི་ཐོལ་བརྒལ་ལ་ཤུགས་སྣོན་དགོས། ཚྭ་མཚོའི་ཐོན་ལས་ལྷད་མེད་ངང་འཕེལ་རྒྱས་སུ་འགྲོ་བའི་མ་ལག་འཛུགས་པ་དམ་འཛིན་བྱས་ཏེ་ཁེ་ལས་མཉམ་འབྲེལ་གྱིས་ཚན་ཞིབ་སྒྲིག་གཞི་དང་ལས་རིགས་དོ་དམ་སྡེ་ཁག་དཔེ་གཞི་གཏན་འབེབས་ཁྲོད་ཞུགས་པར་སྐུལ་མ་གཏོང་དགོས། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་སྒྲིག་རིམ་སྔར་ལས་ཚད་ལྡན་དུ་གཏོང་དགོས། ཉིན་རྒྱུན་གྱི་མཛུབ་སྟོན་དང་ཞབས་ཞུར་ཤུགས་བསྣན་ནས་གཞི་རིམ་གྱི་ལས་ཡུལ་དང་པོར་འགྲོ་བ་དང་བསམ་ཚུལ་འདོན་པ། བྱེད་ཐབས་འཚོལ་བ། འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཁེ་ལས་ཞབས་ཞུའི་ཕན་འབྲས་སུ་བསྒྱུར་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥུན་གྲོས་ཚོགས་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་ལིའུ་ཁྲའོ་ཡིས་འབྲེལ་ཡོད་བྱ་བ་ཡར་ཞུ་བྱས།
མི་ཕམ་མགོན་པོས་བསྒྱུར།