ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།
2023.12.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ12པའི་ཚེས20ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་གཞི་དང་བསྡུ་བའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྙན་ཞུ། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་དང་མི་དོན་བསྐོ་འཐེན་ལས་རིམ་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་སྙན་ཞུ་བཅས་ལ་རིམ་པ་བཞིན་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གསལ་གྱི་གྲོས་གཞི་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ནང་འཇོག་རྒྱུར་མོས་མཐུན་བྱས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས》ལག་བསྟར་བྱེད་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན་གཉིས་གྲོས་ཞིབ་བྱ་རྒྱུར་འབུལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱུང་།

ཚོགས་ཐོག་ནས《མཚོ་ཤར་གྲོང་ཁྱེར་གྱི་དུས་བདེ་འཛུགས་སྐྲུན་སྲོལ་ཡིག》ལ་གནས་སྐབས་སུ་འགོར་འགྱངས་བྱས་ཏེ་ཞིབ་བཤེར་བྱ་རྒྱུའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་སྟེང་སྲོལ་ཡིག་དེ་གནད་སྨིན་འཐུས་ཚང་བྱུང་རྗེས། རྗེས་ཕྱོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན།

ཚོགས་ཐོག་ནས་ད་དུང《མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ》དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2022ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ》། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་དེང་རབས་ཅན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ཀྱི་གྲོས་ཞིབ་བསམ་འཆར་ལ་གྲོས་བསྡུར་བྱས། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གསལ་གྲོས་ཞིབ་བསམ་འཆར་ལ་མོས་མཐུན་བྱས་ནས། ཁྲིམས་ཀྱི་གཏན་འབེབས་གོ་རིམ་ལྟར་སྒྲུབ་དགོས་པའི་བླང་བྱ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།