ཟླ12པའི་ཚེས21ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཟླ12པའི་ཚེས18ཉིན་གྱི་ས་ཡོམ་གནོད་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་བཞི་པ་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོའི་མི་དམངས་སྲིད་གཞུང་དུ་བསྡུས་ཏེ་བྱ་བའི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་མིག་སྔའི་བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་ཀང་གིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བཟང་བོ་བྱེད་རྒྱུ་ནི་མིག་སྔའི་གནོད་འགོག་རྒུད་སྐྱོབ་བྱ་བའི་ལས་འགན་གཙོ་བོ་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་གཙོར་འཛིན་དགོས་པ་དང་། ཇུས་ཆོད་རེ་རེ་དང་ཞིབ་ཕྲའི་བྱ་བ་རེ་རེའི་ཁྲོད་དུ་ཐོག་མར་མང་ཚོགས་ཀྱི་ཁེ་ཕན་གཙོ་བོར་བསམ་བློ་བཏང་སྟེ་བརྩེ་སེམས་ཡོད་པ་དང་ནུས་ཡོད་སྒོས་གནོད་ཐེབས་མང་ཚོགས་ཀྱིས་དགུན་སྐྱེལ་བར་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། བྱ་བའི་རང་འགུལ་དབང་ཆ་དམ་འཛིན་དང་དམངས་ཚིས་ལ་འགན་སྲུང་བྱ་རྒྱུ་གཙོར་འཛིན་པ། མང་ཚོགས་ཀྱི་འདོད་བློ་དང་ས་གནས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་གནོད་འཚེའི་རྗེས་ཀྱི་སྡོད་ཁང་གི་དཔྱད་འཇོག་དང་བར་བརྒལ་བཀོད་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས། བདེ་འགོད་བྱེད་སའི་དོ་དམ་ཞབས་ཞུར་ཤུགས་སྣོན་པ་དང་། ཟ་མ་ཡོད་པ་དང་སྲིང་བལ་གྱི་ལྭ་བ་ཡོད་པ། ཉལ་གདན་ཡོད་པ། བཏུང་ཆུ་གཙང་མ་ཡོད་པ། དྲོད་ལེན་སྒྲིག་ཆས་ཡོད་པ་བཅས་རྩ་བའི་ཆ་རྐྱེན་དུ་བྱེད་པ། སྐོར་ཞིབ་སྨན་བཅོས་ཞབས་ཞུ་སྤེལ་བ། ཁོར་ཡུག་དུག་སེལ་དང་ཟས་རིགས་བདེ་འཇགས། གད་སྙིགས་ཐག་གཅོད་སོགས་བྱ་བ་གཅིག་གྱུར་སྒོས་དམ་འཛིན་བཟང་བོ་བྱེད་པ་བཅས་བྱས་ཏེ་གནོད་ཐེབས་མང་ཚོགས་སེམས་བདེ་ཞིང་སེམས་སྐྱིད་པར་བྱེད་དགོས། སྨན་བཅོས་མ་ལག་ནུས་ཡོད་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱེད་པའི་ཞོར་དུ། ས་གནས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་སྨན་བཅོས་དགོས་མཁོར་འགན་སྲུང་བྱེད་དགོས། སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་དང་དངོས་ཟོག་གི་གོ་རིམ་སོ་སོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་དོ་དམ་བེད་སྤྱོད་བྱེད་ཐབས་གཏན་འཁེལ་བྱེད་དགོས་པ་དང་རང་རྟོགས་ཀྱིས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་མ་དངུལ་ཚད་ལྡན་སྒོས་འཁོར་སྐྱོད་དང་དངོས་ཟོག་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པར་འགན་སྲུང་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་། བཀོད་འདོམས་མ་ལག་ལ་སྔར་ལས་ཤུགས་བསྣན་ནས་ནུས་ཡོད་འཁོར་སྐྱོད་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། གནད་ཕིགས་དོན་འཁྱོལ་བཅས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གནོད་འགོག་རྒུད་སྐྱོབ་ཐད་སྟོབས་ལྡན་ནུས་ཡོད་ཀྱི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། གནོད་འགོག་རྒུད་སྐྱོབ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་ལག་ལེན་གལ་ཆེན་དུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་མང་ཚོགས་ཀྱི་གམ་དུ་སོང་ནས་ཏང་ཡོན་གྱི་ཐོབ་ཐང་མངོན་པར་བྱེད་པ་དང་རང་འགུལ་ཁག་ཁུར་བྱེད་པར་ཁྲིད་སྟོན་བྱས་ཏེ་འཐབ་ཕྱོགས་དང་པོ་རུ་བྱེད་ནུས་སྦྱོང་བརྡར་དང་ལས་བྱེད་པར་ལྟ་ཞིབ་བྱེད་དགོས། བྱ་བའི་སྟོབས་ཤུགས་སྔར་ལས་གཅིག་སྡུད་དང་བསམ་འཆར་ལ་ཉན་པ། སུན་སྣང་མེད་པར་དོགས་གཞི་སེལ་བ། དོ་ཁུར་ལ་ལན་བཏབ་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རྨང་གཞི་བརྟན་པོ་འདིང་དགོསཞེས་ནན་གྱིས་བསྟན།
གྲོས་ཚོགས་ཀྱི་རྗེས་སུ། ཁྲིན་ཀང་ཡང་བསྐྱར་འཚོལ་སྐྱོབ་ཡུལ་དངོས་སུ་སོང་ནས་རོགས་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་གནད་དོན་ཐག་གཅོད་པར་ཞིབ་འཇུག་བྱས་པར་མ་ཟད། རོགས་སྐྱོབ་མི་སྣ་རྣམས་ཀྱིས་དཀའ་སྡུག་མྱངས་ཐུབ་པ་དང་འཐབ་རྩོད་བྱེད་ཕོད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་དཀའ་གནད་ཁྱད་སེལ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་བྱས་ཏེ་གར་སོང་མི་ཤེས་པའི་མི་སྣ་མྱུར་དུ་རྙེད་པར་བྱེད་དགོས་པའི་སྐུལ་མ་བཏང་། ཁྲིན་ཀང་གིས་སྟོབས་ཤུགས་ཡོད་རྒུས་འཚོལ་སྐྱོབ་ཡུལ་དངོས་ཀྱི་སྒྲིག་ལམ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་མཁོ་སྤྲོད་འགན་ལེན་ལ་རྗེས་འདེད་བྱས་ཏེ་འཚོལ་སྐྱོབ་མཚམས་མི་ཆད་པར་བྱེད་པའི་ཞོར་དུ་རོགས་སྐྱོབ་མི་སྣས་དུས་ཐོག་ཏུ་རེས་སྐོར་ངལ་གསོ་བྱེད་པར་རྩ་འཛུགས་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རྣམས་ཡུལ་དངོས་སུ་སོང་ནས་བཀོད་འདོམས་བྱེད་པ་དང་བཀོད་གཏོང་བྱེད་ཆོག་པའི་ཐོན་ཁུངས་ཡོད་ཚད་བཀོད་གཏོང་བྱས་ཏེ་ནུས་ཡོད་ཀྱི་བྱེད་ཐབས་སྤྱད་ནས་གནོད་འགོག་རྒུད་སྐྱོབ་བྱ་བ་སོ་སོ་ཏན་ཏིག་གིས་བཟང་བོར་སྒྲུབ་དགོས། གཅིག་གཏད་གཅིག་གི་བྱ་བའི་ཇུས་གཞི་གཏན་འཁེལ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་འདས་འཇུག་དང་གར་སོང་མི་ཤེས་པའི་མི་སྣའི་ཁྱིམ་མིར་སེམས་གསོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། རོགས་སྐྱོབ་གོ་རིམ་ཁྲོད་མངོན་པའི་སྔོན་ཐོན་དཔེ་མཚོན་དང་སེམས་འགུལ་ཐེབས་པར་བྱེད་པའི་གཏམ་རྒྱུད་སྔོག་འདོན་བྱས་ཏེ་གསར་འགྱུར་སྒྲོག་སྤེལ་བྱེད་ཐབས་སྣ་མང་ལ་བརྟེན་ནས་གནོད་འགོག་རྒུད་སྐྱོབ་ཀྱི་བསམ་པའི་སྒུལ་ཤུགས་སྟོབས་ལྡན་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཝུའུ་ལ་ཙི་པེ་ཁུ་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་བཅོས་སོ་སོར་གོང་གི་བྱེད་སྒོར་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།