ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཟི་ལིང་དུ་བསྡུས།
2023.12.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ12པའི་ཚེས18ཉིན་ནས་ཚེས19ཉིན་བར། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་རང་ཚུགས་རང་དར་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ལ། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོས་གོ་སྐབས་འཚོལ་བ་དང་གོ་སྐབས་བསྐྲུན་པ། གོ་སྐབས་དམ་འཛིན་དང་གོ་སྐབས་བཀོལ་སྤྱོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་བའི་གནས་ལུགས་ཁུངས་བཙན་དུ་བརྩི་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་དུ་བརྩིས་ནས། སེམས་ཤུགས་གཅིག་སྒྲིལ་དང་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལམ་འབྱེད་གདོང་ལེན་པ་བྱེད་རྒྱུའི་མངགས་བཅོལ་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཆེད་བསྐོས་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧྲུའུ་ཝེ་གཉིས་ཀྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིས་མེན་དང་ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། པད་ཁོ། ལིའུ་ཁྲའོ་བཅས་ཚོགས་ཆེན་ལ་ཞུགས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ལོ་ངོ་མང་པོར་མཚོ་སྔོན་གྱི་ཚན་རིག་ལག་རྩལ་ལས་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོར་འཚམས་འདྲི་ཞུས། ཁོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་རྐང་བཙུགས་ནས། ཚན་རྩལ་གསར་གཏོད་འཕེལ་རྒྱས་ཐད་ནས་གོང་རིམ་ཇུས་འགོད་དང་མ་ལག་འཆར་འགོད་བྱས་པ་དང་། འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་རབ་དང་རིམ་པ་ཕྱིར་བཏོན་ཏེ། དུས་རབས་གསར་བའི་ཚན་རྩལ་གསར་གཏོད་བྱ་བ་བཟང་བོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་ཅེས་བསྟན།

ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་མཐུན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོའི་བྱ་བར་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་གོམ་སྟབས་ཆེན་པོས་དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་བར་ཞུགས་པ་དང་། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོ་ནམ་ཡང་ཕུགས་འདུན་ཡིད་རྟོན་གྱི་དད་མོས་མཁན་བྱེད་པ་དང་། རྒྱལ་དོན་གལ་ཆེན་སེམས་ལ་དམ་པོར་འཛིན་པ། རྒྱལ་གཅེས་ཀྱི་སེམས་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་རྒྱུ་དེ་གསར་གཏོད་གསར་སྐྲུན་ཁྲོད་འདྲེས་པར་བྱེད་པ། མི་སྒེར་གྱི་ཕུགས་འདུན་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དགོས་མཁོའི་ཁྲོད་འདྲེས་པར་བྱས་ཏེ། ཚན་རྩལ་ལས་འབྲས་བསྐྲུན་པའི་ཁྲོད་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་གསར་སྤེལ་མདུན་སྐྱོད་པ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་ཞུགས་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། དམངས་ཚིས་ལེགས་སྒྱུར་སོགས་ཕྱོགས་ནས་ཁག་ཁུར་འབད་འཐབ་བྱས་ཏེ། རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་ལག་རྩལ་གནད་དོན་ཐག་གཅོད་དགོས། ཚན་རྩལ་གྱི་ཡང་རྩེ་རུ་སྙེག་མཁན་བྱེད་པ་དང་། མཚོ་སྔོན་གྱི་དགེ་མཚན་དང་ཐོན་ཁུངས་ལ་ཟུང་འབྲེལ་བྱེད་པ། མ་འོངས་པའི་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་གནས་བཙན་སར་དམིགས་པ། ཁྱབ་ཁོངས་གཙོ་བོ་དང་མདུན་གྲས་ཁྱབ་ཁོངས་གཙིགས་སུ་བཟུང་ནས་མྱུར་དུ་འགག་སྒྲོལ་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་རང་བདག་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བ། ཏང་ཨུ་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཇུས་ཆོད་ཐད་ཞབས་འདེགས་ཞུ་རྒྱུ་དེ་རང་འགན་དུ་བརྩིས་ཏེ། གནད་འགག་དང་སྲོག་ཤིང་ལག་རྩལ་གྱི་མཁྲེགས་གཏོར་གཡུལ་འགྱེད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས། ནམ་ཡང་ཚན་རིག་པའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ལག་བསྟར་མཁན་བྱེད་པ་དང་། མེས་རྒྱལ་དང་མི་དམངས་ཡིད་ལ་འཛིན་པ། བློ་བརྟན་འགྱུར་མེད་ཀྱིས་ཚན་རིག་ལག་རྩལ་གྱི་ཡངས་ཚད་དང་གཏིང་ཚད་ལ་དམིགས་ནས་འབད་འཐབ་བྱེད་པ། གསར་གཏོད་འཇོན་མི་སྐྱེད་སྲིང་བྱེད་པའི་ཁྲོད་འཇོན་མི་འཚོལ་བ་དང་འཇོན་མི་སྐྱེད་སྲིང་། འཇོན་མི་བཀོལ་སྤྱོད་བྱེད་པ། ཚན་རིག་ཞིབ་འཇུག་གི་སློབ་སྲོལ་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གཟབ་ནན་བདེན་འཚོལ་གྱི་ཚན་རིག་རིག་གནས་སྐྱེད་སྲིང་བྱེད་དགོས། རིམ་པ་སོ་སོའི་ཚན་རྩལ་རྩ་འཛུགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ། ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ཞབས་འདེགས་ཞུ་བ། སྤྱོད་ཚུལ་བཟང་བོ་གྲུབ་པར་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་ཚན་རྩལ་རང་ཚུགས་རང་དར་བྱེད་པར་རོགས་འདེགས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་བྱ་བའི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ་དང་། ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་དཔུང་སྡེའི་ཁྲོད་བྱུང་བའི་སྔོན་ཐོན་དཔེ་མཚོན་དང་བྱས་རྗེས་དྲིལ་སྒྲོག་ཤུགས་ཆེན་བྱས་ནས། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་དོན་དང་ཚན་རྩལ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཧྲུའུ་ཝེ་ཡིས་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཚབ་བྱས་ནས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། རང་ཞིང་གི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོས་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཚན་རྩལ་གསར་གཏོད་དང་མང་ཚོགས་ཚོགས་པའི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་དང་བླང་བྱ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚན་རྩལ་མཐུན་ཚོགས་ཀྱི་བྱ་བའི་སྐོར་གྱི་བཀོད་སྒྲིག་གཞིར་འཛིན་པ་དང་། འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། གསར་སྤེལ་གསར་གཏོད་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཐད་ཞབས་འདེགས་ཞུ་བའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། བདེན་འཚོལ་དང་བྱས་རྗེས་འཇོག་པའི་རིན་ཐང་འགན་འཁྲི་ལག་བསྟར་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། དཔྱད་རྩོད་མེས་རྒྱལ་གྱི་ས་གཞིའི་སྟེང་བྲིས་ཏེ། ཚན་རྩལ་གྱི་གྲུབ་འབྲས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་བཀོལ་དགོས། ཚན་རྩལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་པ་དང་། ཐོན་སློབ་ཞིབ་གསུམ་མཉམ་བསྲེས་ཟབ་མོ་བྱེད་པ། ཚན་རྩལ་ཁྱབ་གདལ་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཇུས་ཆོད་བློ་འདྲི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་འཆར་འགོད་བྱེད་པ། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་བ་དང་མི་རིགས་སོ་སོ་མཐུན་སྒྲིལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་འཛུགས་སྐྲུན་ཐད་རོགས་འདེགས་བྱེད་དགོས། ཟམ་ཐག་གི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ་དང་། ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྩ་འཛུགས་མ་ལག་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཚན་རྩལ་མཐུན་ཚོགས་ཀྱི་མ་ལག་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཁྱིམ་འཛུགས་གྲོགས་སྒྲིག་གི་རྩོམ་ཡིག་བཟང་བོར་བྲིས་ཏེ། ཚན་རྩལ་བྱ་བ་སྒྲུབ་མཁན་ཚོར་འཚར་ལོངས་ཀྱི་སྟེགས་བུ་སྔར་ལས་མང་པོ་དང་བཟང་བོ་བསྐྲུན་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་རང་ཚུགས་རང་དར་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཏང་གི་ཚན་རྩལ་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཚན་རྩལ་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོར་མཐུན་སྒྲིལ་སྐུལ་སློང་བྱས་ནས། དཀའ་སྤྱད་འབད་འཐབ་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པ་དང་། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། གསར་གཏོད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཚན་རྩལ་གྱི་ཡར་རྩེར་སྙེག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་སྒྲིག་ཡིག་ལག་བསྟར་བྱེད་པའི་ཞིབ་སྲོལ་ལ་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་།

རིན་ཆེན་མཚོས་བསྒྱུར།