ཞིང་ཆེན་ཏང་ཨུས་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་སྲིད་ཏང་གྲོས་མོལ་ཚོགས་འདུ་བསྡུས།
2023.12.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ12པའི་ཚེས21ཉིན། ཞིང་ཆེན་ཏང་ཨུས་སྲིད་ཏང་གྲོས་མོལ་ཚོགས་འདུ་བསྡུས་ནས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་འཐུས་མིར་རང་ཞིང་གི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད་བསམ་འཆར་དང་གྲོས་གཞི་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་མཐུན་ཞིང་ཆེན་ཏང་ཨུའི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་གྲོས་ཚོགས་ལ་ཞུགས། 

ཚོགས་འདུའི་སྟེང་ཞིང་ཆེན་ནུས་ཁུངས་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་ཚུལ་ཁྱབ་བསྒྲགས་བྱས། ཚོགས་ཞུགས་འཐུས་མི་ཚོས་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན། 

ཚོགས་འདུ་ལས་བསྟན་དོན། ཉེ་བའི་ལོ་ཤས་རིང་། རྒྱ་ཆེའི་ཏང་ཕྱིའི་མི་སྣས་དག་གཙང་ནུས་ཁུངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་བརྟག་དཔྱད་རབ་དང་རིམ་པ་བྱས་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པས་ཤུགས་རྐྱེན་ལྡན་པ་དང་སྤུས་ཚད་མཐོ་བའི་བརྟག་དཔྱད་སྙན་ཞུ་གྲུབ་སྟེ་ཞིང་ཆེན་ཏང་ཨུས་ཐབས་ཇུས་འདོན་རྒྱུར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། དག་གཙང་ནུས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། དམངས་གཙོའི་ཏང་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་རང་སོ་སོའི་ཁོངས་མི་དང་འབྲེལ་བ་ཡོད་པའི་མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རང་འགུལ་ངང་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་ཞུགས་དགོས། རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆར་ཟུང་འབྲེལ་བྱས་ཏེ་རྒྱུན་མཐུད་རྗེས་འདེད་བརྟག་དཔྱད་དང་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ཁྲོད་ཀྱི་དཀའ་གནད་ཆེ་བའི་གནད་དོན་ལ་ལྟ་སྐུལ་བྱས་ནས་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་དང་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུགས་བསྣན་ཏེ་བློ་གྲོས་ལྡན་པའི་ཐབས་ཇུས་མང་ཙམ་འདོན་པ་དང་དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་དགོས། དེ་དང་ཆབས་ཅིག་ཏང་ཁག་གི་ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་སོགས་ཀྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་པ་དང་། མཚོ་སྔོན་གྱི་ཉི་ནུས་དང་། རླུང་ནུས། ཆུ་ནུས་སོགས་དག་གཙང་ནུས་ཁུངས་སུ་བསྒྱུར་བའི་བྱེད་ཐབས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་གླེང་ཕྱོགས་ཁོར་ཡུག་བཟང་པོ་གཏོད་རྒྱུར་ཤུགས་སྣོན་དགོས།

ཤ་བོ་གསེར་མཚོས་བསྒྱུར།