ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་ཁེ་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ〉ལ་བཟོ་བཅོས་བརྒྱབ་པའི་སྐོར་གྱི་གཏན་འབེབས》ཁྱབ་་སྒྲོག་བྱས་པ་དང་། 2024ལོའི་ཟླ་དང་པོའི་ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《གཏན་འབེབས》ཀྱིས་གཙོ་བོ་གཤམ་གྱི་ཕྱོགས་འགའི་ཐད་ནས་ཆེད་ཁེའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ་ལ་བཟོ་བཅོས་བརྒྱབ་ཡོད།
གཅིག་ནས་ཆེད་ཁེ་རེ་ཞུའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། རེ་ཞུ་འབུལ་མཁན་ལ་ཆེད་ཁེ་ཐོབ་རྒྱུར་སྟབས་བདེ་བསྐྲུན་ཡོད། གཉིས་ནས་ཆེད་ཁེ་ཞིབ་བཤེར་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། ཆེད་ཁེ་ཞིབ་བཤེར་སྤུས་ཚད་ཇེ་མཐོར་བཏང་ཡོད། གསུམ་ནས་ཆེད་ཁེར་སྲུང་སྐྱོབ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཆེད་ཁེའི་བདག་དབང་འཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཡོད། བཞི་ནས་ཆེད་ཁེ་ཞབས་ཞུར་ཤུགས་བསྣན་ནས། ཆེད་ཁེ་གསར་གཏོད་དང་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་བཏང་ཡོད། ལྔ་ནས་ཕྱི་ཚུལ་ཇུས་འགོད་ཀྱི་རྒྱལ་སྤྱིའི་རེ་ཞུའི་དམིགས་བསལ་གཏན་འབེབས་གསར་དུ་བསྣན་ཏེ། བཟོ་ལས་ཐོན་རྫས་ཀྱི་ཕྱི་ཚུལ་ཇུས་འགོད་ཀྱི་རྒྱལ་སྤྱིའི་ཐོ་འགོད་ཧའེ་ཡ་ཆོད་དོན(1999ལོའི་པར་གཞི)དང་སྦྲེལ་མཐུད་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།