གྲོལ་མ་ཐག་པའི་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི“ཞིང་གསུམ”བྱ་བའི་འཐབ་ཇུས་བླང་བྱ་དང་གཙོ་རྒོལ་ཁ་ཕྱོགས་གསལ་སྟོན་གནང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པས། “བཟོ་སྐྲུན་ཁྲི་སྟོང་གི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་བསྐྲུན་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་བཤད།
2023ལོར་རང་རྒྱལ་གྱིས་ཅུང་ཚབས་ཆེ་བའི་རང་བྱུང་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ངན་པ་མང་པོ་ཁྱད་དུ་སེལ་ནས། འབྲུ་རིགས་ཐོན་ཚད་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་དང་། ཞིང་པའི་ཡོང་འབབ་མགྱོགས་མྱུར་ངང་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་མངོན་འགྱུར་བྱུང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ད་ལོའི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ་དེའི་སྟེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི། “ཞིང་གསུམ”བྱ་བའི་འབྲེལ་ཡོད་ཐབས་ཇུས་ལ་སྔོན་དཔག་རང་བཞིན་ཆེན་པོ་ལྡན་པ་གང་ལེགས་སྒོས་མཚོན་ཐུབ་ཅིང་། ཡུལ་བབ་དང་བསྟུན་ནས། “གཏིང་རྡོའི”ནུས་པ་འདོན་སྤེལ་བྱས་ཡོད་པའི་ངོས་འཛིན་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”བྱ་བའི་སྤྱིའི་དམ་འཛིན་བྱ་ཡུལ་དུ་བརྩིས་ཏེ། “བཟོ་སྐྲུན་ཁྲི་སྟོང་གི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ནས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ། གོམ་པ་རིམ་སྤོ་བྱེད་པ། སྙིང་རུས་རྒྱུན་འཁྱོངས་བཅས་བྱས་ནས། སྟོབས་ཤུགས་གཅིག་སྡུད་སྒོས་མང་ཚོགས་ཀྱིས་ཚོར་ཐུབ་པའི་དོན་དངོས་མང་དག་ཅིག་སྒྲུབ་དགོས་ཞེས་ནན་གྱིས་གསུངས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་དང་གཙོ་རྒོལ་ཁ་ཕྱོགས་ལ་གསལ་བཤད་གནད་དུ་ཐིངས་པ་གནང་ཡོད་ཅིང་། དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པར་ངོས་འཛིན་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་དམིགས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་དང་། ཚན་རྩལ་དང་བཅོས་སྒྱུར་གཉིས་ཆར་ཤུགས་སྣོན་པ་སོགས་ཀྱི“ཞིང་གསུམ”གྱི་ལས་འགན་གཙོ་བོར་བཀོད་སྒྲིག་གནང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། སང་ལོའི“ཞིང་གསུམ”བྱ་བ་རྨང་རྐང་བརྟན་པོའི་ངང་བསྒྲུབ་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།