ཟླ12ཚེས21ནས་ཚེས22ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ཏེ། དགོངས་པར་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར་དུ། སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་བསྐྲུན་ནས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་གཤིས་རྒྱུད་སྦྱོང་བརྡར་བྱས་ནས་བློ་དཀར་སེམས་དཀར་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་དངོས་སྒྲུབ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་སྒྲུབ་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། སྤྱོད་གཙང་གཞུང་དྲང་བྱས་ནས་སྲོལ་གསར་གཏོད་པའི་ཞིབ་ཕྲའི་དམིགས་འབེན་ཞིབ་བསྡུར་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་རྒྱས་པར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་གལ་ཆེན་གཞིར་བཟུང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་འབྲེལ་གཏུག་བྱེད་པ་དང་། ཀུན་གྱི་སྣེ་ཁྲིད་དེ་དར་ཆ་གསལ་སྟོན་སྒོས་ཆབ་སྲིད་ལ་དང་དོད་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་སྙིང་རྟོགས་པར་འབད་འབུངས་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་དམིགས་འབེན་ལག་བསྟར་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། ཀུན་གྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་ནན་སྒྲུབ་བྱེད་པ་སོགས་ཐད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དང་ཞན་ཆ་བཙལ་ནས་བསྟན་པ། ཏང་གཤིས་དབྱེ་ཞིབ་བཅས་བྱས་ནས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།
ཟླ12པའི་ཚེས21ནས་ཚེས22ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།
ཚོགས་འདུ་མ་འཚོགས་པའི་སྔོན་ལ། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ནན་ཏན་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སེམས་གཏམ་བཤད་རེས་དང་གླེང་མོལ་གནང་བ་དང་། བསམ་འཆར་དང་གྲོས་འགོར་གསན་པར་མ་ཟད། གཏམ་བཤད་གནད་བསྡུས་ཀྱང་བྲིས། ཚོགས་འདུའི་སྟེང་ཐོག་མར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་གྱི། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་གྱི། ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་ལ་བཅོས་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་རེ་རེ་བཞིན་གཏམ་བཤད་བྱས་པ་དང་། ཚོགས་འདུའི་བརྗོད་དོན་ལ་དམ་པོར་དམིགས་ནས། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་གཏན་འབེབས་དུ་མ》དང་། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དངོས་འབེབས་བྱེད་དགོས་པའི་ལག་བསྟར་ཞིབ་སྲོལ》ལ་ཞིབ་བསྡུར་བྱས་ཏེ། ཞིབ་བཤེར་གསལ་སྟོན་དང་དབྱེ་ཞིབ་གཏིང་ཟབ། ནན་ཏན་གྱིས་འཚོལ་སྟོན་དང་དབྱེ་ཞིབ་གཏིང་ཟབ། ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་འཛིན་པ། གཟབ་ནན་དང་གསོན་ཤུགས་ཅན་གྱི་མཁའ་དབུགས་བསྐྲུན་པ། སྔོན་དཔག་གི་ཕན་འབྲས་ཐོབ་པ་བཅས་བྱས།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོའི་གཏམ་བཤད་ཀྱིས་གཙོ་གནད་དྲུག་ལ་དམ་པོར་དམིགས་ཡོད་དེ། གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱ་རྒྱུ་སྔར་ལས་རང་རྟོགས་ངང་ཇེ་བརྟན་དུ་གཏོང་བ། གཉིས་ནི་ཏང་ཀྲུང་དབྱང་གི་དབང་གནས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱས་པ་སྔར་ལས་རང་རྟོགས་ངང་ཇེ་བརྟན་དུ་གཏོང་བ། གསུམ་ནི་དམིགས་འབེན་ལག་བསྟར་དང་མི་དམངས་ལ་ཞབས་འདེགས་ཞུས་ཚུལ་སྔར་ལས་རང་རྟོགས་ངང་ཇེ་བརྟན་དུ་གཏོང་བ། བཞི་ནི་བདེན་འཚོལ་དངོས་གཉེར་དང་དོན་འཁྱོལ་དམ་འཛིན་བྱས་པ་སྔར་ལས་རང་རྟོགས་ངང་ཇེ་བརྟན་དུ་གཏོང་བ། ལྔ་ནི་རང་དཔེ་གཞན་སྟོན་དང་སྤྱོད་གཙང་རང་གཅུན་བྱས་པ་སྔར་ལས་རང་རྟོགས་ངང་ཇེ་བརྟན་དུ་གཏོང་རྒྱུ་དང་། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རང་ཉིད་བབ་གཙང་དང་རང་ཉིད་དྲང་རྐྱང་། རང་ཉིད་བཀན་མོ་བཅས་ཡོང་བར་བྱེད་དགོས། དྲུག་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་བསྒྲུབས་པ་རང་རྟོགས་ངང་ཇེ་བརྟན་དུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་མོའི་ཐུན་མིན་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་གསལ་བོ་དང་བློ་བརྟན་འགྱུར་མེད་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་རང་ངོས་གསར་བརྗེ་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།
གྲོས་ཚོགས་ལས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཞིག་ཡིན་ལ། དུས་ཡུན་ལོ་ངོ་གསུམ་རིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གློད་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བཏང་བའི་ལོ་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པར་བྱས་པ་དང་ནང་ཁུལ་གྱི་དཀའ་ངལ་ཁྱད་སེལ་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱེད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱས། འབྲུ་རིགས་སྤྱིའི་ཐོན་འབབ་ཀྱིས་སླར་ཡང་མཐོ་ཚད་གསར་པ་བསྐྲུན་པ་དང་། ལས་ཞུགས་དང་དངོས་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ཚན་རྩལ་གསར་གཏོད་ལ་ཐོད་བརྒལ་གསར་པ་བྱུང་བ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་གྲུབ་པ། རེས་སྐོར་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ། ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་མཐུད་ངང་རྒྱ་ཆེ་རུ་སོང་བ། འབྲུབ་འགོག་གནོད་སེལ་དང་བུན་གཏོང་འགན་བཅོལ། འགན་ལེན་ཐོག་ཁང་སྤྲོད་པ་བཅས་ཀྱི་ཕན་འབྲས་མངོན་གསལ་ཅན་དུ་གྱུར་བ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་ལས་མགྱོགས་པ་བཅས་བྱུང་ཡོད། ཞང་ཀང་དང་ཨའོ་མེན་གྱི་ལས་ཀར་མུ་མཐུད་ཤུགས་བསྣན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་སྤེལ་ནན་མོ་བཏང་བ་དང་། རང་རྒྱལ་འཕེལ་རྒྱས་གཏོང་བའི་ཕྱི་ཕྱོགས་ཁོར་ཡུག་མུ་མཐུད་ལེགས་བཅོས་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་བསྟུད་མར་ཤུགས་བརྒྱབ་ཡོད་ཅིང་། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ཡོད། ཁྲིན་ཏུའུ་ཡི་ལུས་རྩལ་འགྲན་ཚོགས་ཆེན་མོ་དང་ཧང་ཀྲོའུ་ཡི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས། རང་རྒྱལ་གྱི་ལུས་རྩལ་པས་གྲུབ་འབྲས་བཟང་པོ་བླངས་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་མོའི་སྒོ་ནས་ཐོབ་ཐུབ་པ་ཞིག་མིན་པས། དེར་ཀུན་གྱིས་མཐོང་ཆེན་བྱེད་རིན་ཡོད་ཅེས་ནན་གྱིས་བསྟན།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ལོ་གཅིག་རིང་གི་ལག་ལེན་དངོས་ཀྱིས། “གཏན་ཕབ་གཉིས”དེ་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ཀྱིས་ངེས་པར་དུ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། སང་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྒྱུར་བཅོས་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་གསོན་ཤུགས་མངོན་སུམ་འཕེལ་བར་བྱེད་པ། ཉེན་ཁ་འགོག་ཟོན་བྱེད་པ། སྤྱི་ཚོགས་ཀྱི་སྔོན་དཔག་གི་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་ཇེ་ཆེར་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས།
ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོའི་ཞིབ་བཤེར་གྱི་གཏམ་བཤད་རེ་རེར་དཔྱད་འཇོག་དང་བླང་བྱ་བཏོན་པར་མ་ཟད། ཕྱོགས་བསྡོམས་ཀྱང་གནང་། ཁོང་གིས་ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པར་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ནས། ཆབ་སྲིད་ཞིབ་བཤེར་དང་ལེན་དང་ཆབ་སྲིད་ཀྱི་ཐལ་རྡུལ་གཙང་བཟོ། ཆབ་སྲིད་ཀྱི་བླ་སྲོག་ཇེ་གཙང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་བར་བརྟེན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མཐུན་སྒྲིལ་ཇེ་དམ་དང་ལས་དོན་ལེགས་གཏོང་། འགན་འཁྲི་འཁུར་ཕོད་པ་བཅས་ལ་ཕན་པ་ཧ་ཅང་ཆེན་པོ་ཐོབ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་དམིགས་འབེན་ལས་འགན་ཁ་གསལ་ཡིན་པ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀུན་གྱི་སྣེ་ཁྲིད་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡུན་ཕན་ལམ་སྲོལ་འཛུགས་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས། ཏང་ཡོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་བསམ་བློ་གཅིག་གྱུར་ནི་ཆབ་སྲིད་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་གྱི་རྨང་གཞི་ཡིན། ཆབ་སྲིད་དང་བྱ་སྤྱོད་ཀྱི་ངོས་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་ལ། ཐོག་མར་བསམ་བློའི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཚན་རིག་གི་མ་ལག་དང་ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་དང་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། ཆབ་སྲིད་ཀྱི་ནུས་པ་དང་མགོ་ཁྲིད་ཀྱི་ནུས་པ་མངོན་སུམ་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་བྱེ་བྲག་གི་ལས་ཤིག་ཡིན་པ་ལས་སྤྱི་མཚན་ཞིག་མིན་པར་བརྟེན། ཏང་ཀྲུང་དབྱང་གི་དབང་ཐང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་སྟེང་དུ་དོན་འཁྱོལ་བྱེད་དགོས་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་སྟེང་དུ་དོན་འཁྱོལ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་རང་རེའི་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་དང་མགོ་ཁྲིད་ལམ་ལུགས་ཤིག་ཡིན། དམངས་གཙོ་གཅིག་སྡུད་ལམ་ལུགས་ཁྲོད་དམངས་གཙོ་དང་གཅིག་སྡུད་ཕྱོགས་གཉིས་ཚུད་ཡོད་ཅིང་། དེ་གཉིས་ཕན་ཚུན་གཅིག་རམ་གཅིག་འདེགས་དང་གཅིག་ལ་གཅིག་བརྟེན་ཡིན། ཚན་རིག་དང་མཐུན་པའི་ཐབས་ཇུས་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཏང་ནང་གི་དམངས་གཙོ་དང་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་གང་ལེགས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཀུན་གྱི་སྣེ་ཁྲིད་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ཞིབ་འཇུག་བྱེད་པར་ཞུགས་སྐབས་བསམ་གཞིགས་ནན་ཏན་དང་བསམ་འཆར་གང་ལེགས་འདོན་དགོས། ལས་ཀའི་ཁྲོད་ཤེས་རྟོགས་བྱུང་བའི་གནས་ཚུལ་ངོ་མ་རྣམས་དུས་ཐོག་ཏུ་ཕྱི་རོལ་ཆོས་ཉིད་དང་མཐུན་ཞིང་ཆ་ཚང་བའི་སྒོ་ནས་ཡར་ཞུ་བྱེད་དགོས་པ་དང་། གཏམ་བཟང་ཁོ་ན་ཞུ་བ་ལས་སྐྱོན་ཆ་མི་ཞུ་བ་བྱེད་མི་རུང་། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གཙོ་འགན་འཁུར་མཁན་ས་གནས་སུ་དམངས་གཙོ་དར་སྤེལ་གཏོང་རྒྱུར་དོ་སྣང་བྱས་ནས། ཚང་མར་གང་བསམ་ལྷུག་བརྗོད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་པ་དང་། ཡང་དག་པའི་གཅིག་སྡུད་བྱེད་མཁས་དང་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་བཅས་ཀྱི་བསམ་འཆར་ཡང་དག་གདམ་གསེས་སྒོས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་དང་འགལ་བའི་བྱ་སྤྱོད་ནོར་འཁྲུལ་ཅན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཆབ་སྲིད་ཀྱི་ཤེས་ཚོར་རྣོན་པོའི་རང་བཞིན་ནི་ཆབ་སྲིད་ཀྱི་ལངས་གནས་དང་ཆབ་སྲིད་མཐིལ་རྟོགས་ཀྱི་ཕྱོགས་བསྡུས་མཚོན་ཚུལ་ཞིག་དང་། མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཀྱི་ཁྲོད་འཐབ་ཇུས་ཀྱི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱེད་པ་དང་། འཐབ་ཇུས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱེད་པ། ལས་དོན་ཁག་གི་སྔོན་དཔག་རང་བཞིན་དང་རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་པར་ངེས་པར་དུ། ཆབ་སྲིད་ཀྱི་ཤེས་ཚོར་རྣོན་པོའི་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བདེ་དུས་ཉེན་དྲན་དང་མ་འོངས་སྔོན་ཟོན་ཐུབ་པར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོར་ཕྲ་མཐོང་ཆེ་ཤེས་དང་རིག་གསལ་སྟོན་ཞིབ་ཀྱི་ཚད་མཐོའི་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོ་ཡོད་དགོས་པ་དང་། ཆབ་སྲིད་ཀྱི་སྟེང་ནས་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱེད་མཁས་བྱེད་པ་དང་། སྣང་ཚུལ་བརྒྱུད་ནས་ངོ་བོར་ལྟ་བ། བྱ་དངོས་འཕེལ་རྒྱས་ཀྱི་ནང་གནས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། གནད་དུ་འཁེལ་བའི་སྒོ་ནས་གནས་བབ་དང་བབ་བསྟུན་བྱེད་པ། ཉེན་ཁ་དང་གོ་སྐབས། ཁེ་ཕན་དང་སྐྱོན་ཆ་བཅས་སུ་ངོས་འཛིན་ཡང་དག་བྱེད་པ། རང་འགུལ་ངང་འགྱུར་ལྡོག་ཡོང་བར་བྱེད་པ། སྔོན་ལ་སྟངས་འཛིན་ཡང་དག་བྱེད་པ། ཉེན་ཁར་ཁ་གཏད་ནུས་ལྡན་འཇལ་བ་བཅས་བྱེད་དགོས། འཐབ་ཇུས་གལ་ཆེན་འཆར་འགོད་དང་སྲིད་ཇུས་གལ་ཆེན་གཏན་འབེབས། ལས་འགན་གལ་ཆེན་བཀོད་སྒྲིག་བཅས་བྱེད་སྐབས། ཚང་མས་ཆབ་སྲིད་ཀྱི་ཁ་ཕྱོགས་འཕྱུགས་མེད་སྒོས་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བྱེད་དགོས། འགལ་བ་དང་གནད་དོན་ཐག་གཅོད་བྱེད་སྐབས། ཆབ་སྲིད་ཀྱི་ཉེན་ཁ་སྔོན་འགོག་དང་འདུམ་སེལ་བྱེད་པར་དོ་སྣང་བྱས་ཏེ། མིག་གསལ་ཞིང་དོན་དག་མཐོང་སྔ་བ། བྱ་སྤྱོད་སྤེལ་མགྱོགས་པ་བཅས་ཡིན་དགོས་པ་དང་། ཆབ་སྲིད་ཀྱི་འགལ་རྐྱེན་སྣ་ཚོགས་དུས་ཐོག་ཏུ་སེལ་དགོས་ཤིང་། ཁྱབ་ཁོངས་མི་འདྲ་བའི་ཉེན་ཁ་སེལ་བར་ཚད་མཐོའི་མཐོང་ཆེན་དང་དུས་ཐོག་ཏུ་འགོག་དགོས་པ་དང་། ཆབ་སྲིད་རང་བཞིན་མིན་པའི་ཉེན་ཁ་དེ་ཆབ་སྲིད་ཀྱི་ཉེན་ཁ་རུ་མི་འགྱུར་བར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མགོ་ཁྲིད་ལས་བྱེད་པས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་དོན་བྱས་རྗེས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། ང་ཚོ་གུང་ཁྲན་ཏང་མིས་བྱ་གཞག་སྒྲུབ་པ་དང་སྲིད་དོན་བྱས་རྗེས་འཇོག་དོན་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ཡིན་པ་ལས། སྒེར་གྱི་ལས་གནས་འཕར་བའི་ཆེད་དུ་གཏན་ནས་མིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཀུན་གྱི་སྣེ་ཁྲིད་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཆེ་རྔམ་ཕྱི་གཉེར་དང་རྨོངས་ཚོད་ཀྱིས་ལས་དོན་གཉེར་བར་ངོ་རྒོལ་བྱེད་པ། ཕན་འབྲས་དངོས་དོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཕྱི་མཛེས་ནང་སྟོང་དང་གཞི་གྲངས་རྫུན་བཟོ་བྱེད་པར་ངོ་རྒོལ་བྱེད་དགོས། རྨང་གཞི་འདིང་བ་དང་ཕུགས་ཕན་རྒྱུན་འཁྱོངས་བྱེད་རྒྱུ་དང་། དམངས་དུབ་རྒྱུ་ཟད་ལ་ངོ་རྒོལ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་མགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བའི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་སྐྱོང་གི་བྱས་རྗེས་དཔྱད་ཞིབ་དང་གདེང་འཇོག་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་གིས་སྲིད་སྐྱོང་གི་བྱས་རྗེས་ལྟ་བ་ཡང་དག་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡང་དག་པའི་ལས་ཀའི་ཁྲིད་ཕྱོགས་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་བསྐྲུན་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། མཐུན་སྒྲིལ་འབད་འཐབ་བྱེད་པར་དམིགས་འབེན་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་བྱེད་དགོས། སྐྱོད་ལམ་གསར་པའི་སྟེང་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་ཤིང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཀྱང་ཡིན་པས། མི་དམངས་ཡོངས་རྫོགས་ངེས་པར་དུ་མཉམ་ཞུགས་དང་མཉམ་དུ་འཛུགས་སྐྲུན། ཐུན་མོང་ལོངས་སྤྱོད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་བྱ་གཞག་ཆེན་པོ་མཉམ་སྒྲུབ་བྱེད་པར་རྩེ་གཅིག་ཏུ་བརྟེན་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཏང་གི་འབད་འཐབ་དམིགས་འབེན་ལ་བརྟེན་ནས་མི་ལ་སྐུལ་མ་གཏོང་དགོས་ལ། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་རྒྱུ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་རྒྱུར་སྐུལ་འདེད་བཏང་སྟེ། ལྷག་བསམ་ཟོལ་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ཡིན་པ་དང་། ཏང་གིས་སྲིད་དབང་བཟུང་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་གྱེས་པ་དེ་ཡིན། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཀྱི་མཐོ་སར་འཇོག་པ་དང་། མི་དམངས་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། མི་དམངས་ལ་བཅངས་པའི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ། གནས་བབ་གསར་པའི་འོག་མང་ཚོགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་སྟངས་འཛིན་ཡང་དག་བྱས་ནས། ཀུན་གྱི་སྣེ་ཁྲིད་དེ་མང་ཚོགས་ཀྱི་ལམ་ཕྱོགས་སྟེང་ཡག་པོ་བསྐྱོད་པ་དང་བསམ་པ་མང་ཚོགས་ལ་བསྟན་ནས། མང་ཚོགས་ལ་བཅངས་པའི་བརྩེ་སེམས་དེ་རང་འགན་གཙང་སྒྲུབ་ཀྱི་ཕྱོགས་སོ་སོའི་ཁྲོད་ནས་མངོན་པར་བྱས་ཏེ། དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་དགོས། ལས་བྱེད་པ་དང་མང་ཚོགས་ཚོར་བསམ་འཆར་ཆེས་མང་བའི། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། མུ་མཐུད་དུ་ཤུགས་བསྣན་ནས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། མགོ་ཁྲིད་ལས་ཁུངས་ནས་དམ་འཛིན་དང་འགོ་ཁྲིད་ལས་བྱེད་པ་ནས་ཡོ་བསྲང་བྱེད་དགོས་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཀུན་གྱི་སྣེ་ཁྲིད་དེ་དམ་འཛིན་དང་ཡོ་བསྲང་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་གཤིས་རྒྱུད་མངོན་གསལ་ཅན་ཞིག་དང་ལེགས་ཆ་ཆེ་ཤོས་ཤིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་གྱི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། སྤྱོད་གཙང་རང་སྲུང་དང་སྤྱོད་གཙང་རང་གཅུན་གྱི་ཐད་ནས་ཏང་ཡོངས་ལ་ཚད་གཞི་བཟོ་བ་དང་མིག་དཔེ་སྟོན་པ། ནང་མི་དང་གཉེན་ཉེ། ཉེ་འགྲམ་གྱི་ལས་བྱེད་མི་སྣ་བཅས་ལ་དོ་དམ་ནན་མོ་བྱས་ནས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་རྒྱུ་དང་། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གཙོ་སྐྱོང་ས་གནས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། རིམ་པ་བཞིན་འགན་འཁྲི་ནན་མོ་དང་གནོན་ཤུགས་བརྒྱུད་སྤྲོད་བཅས་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།