ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་ཡུལ་དངོས་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱས།
2023.12.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་ཀང་དང་། ཧྲིན་ཀྲང་། ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྗོང་། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་ཡུལ་དངོས་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། ཡོམ་འགོག་རྒུད་སྐྱོབ་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་འཚོ་བའི་དགོས་མཁོ་འགན་སྲུང་བྱས་ཏེ། སེམས་ཤུགས་གཅིག་བསྒྲིལ་གྱིས་གནས་སྐབས་ཀྱི་བཀོད་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།

མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཀྲུང་ཁྲོན་ཡུལ་ཚོ་དང་ཞོན་ཧྭ་རྫོང་རག་ཤུལ་མདོ་ཡུལ་ཚོ། དཔའ་ལུང་རྫོང་ཐ་རྒྱ་ཡུལ་ཚོ་རུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་འཚོལ་སྐྱོབ་ཡུལ་དངོས་ལ་ལྟ་ཞིབ་བྱས་པ་དང་། གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་དང་གཅིག་བསྡུས་བཀོད་སྒྲིག་བྱེད་ས་རུ་སོང་ནས། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། འཚོལ་ཞིབ་གནས་ཚུལ་དང་ཁང་བར་གནོད་ཐེབས་པའི་ཚད། གནས་སྐབས་ཀྱི་བཀོད་སྒྲིག་ཁང་བ་འཛུགས་སྐྲུན། བཀོད་སྒྲིག་བྱེད་སའི་དོ་དམ། སྐོར་སྐྱོད་སྨན་བཅོས་ཞབས་ཞུ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ས་རེ་རེས་ཐོན་དུས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་མང་ཚོགས་ཀྱི་སྡོད་ཁང་དང་བཟའ་བཏུང་། དྲོད་འདོན་སོགས་གནས་ཚུལ་ལ་ལྟ་ཞིབ་ཞིབ་མོ་བྱས་པ་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པར་མ་ཟད། ཚང་མས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སེམས་ཤུགས་གཅིག་བསྒྲིལ་བྱས་ནས། དཀའ་ཁག་ཁྱད་སེལ་བྱེད་རྒྱུའི་སྐུལ་མ་བཏང་།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཐོན་ཁུངས་གཅིག་འདོམས་བཀོད་གཏོང་ལ་ཤུགས་སྣོན་པ་དང་། གནོད་སྐྱོབ་དངོས་ཟོག་སྟེར་བར་རྩ་འཛུགགས་བྱེད་པ། མི་འདང་སར་ཁ་གསབ་བྱས་ནས་མང་ཚོགས་ཀྱི་ཆུ་བཀོལ་གློག་བཀོལ་དང་བདེ་འཇགས་དྲོད་འདོན། ནད་སྟོན་སྨན་བཅོས་སོགས་ཞབས་ཞུ་འགན་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་འཇོག་གསལ་འབྱེད་བྱེད་པ་དང་། མང་ཚོགས་ཀྱི་འདོད་བློ་དང་གནས་ཚུལ་དངོས་ལ་བརྩི་འཇོག་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱིས་གནས་སྐབས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ས་བབ་དང་བསྟུན་ནས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བཟང་བོ་བྱེད་དགོས། མང་ཚོགས་ཀྱི་བྱ་བར་ཆ་རྒྱུས་ཡོད་པའི་ལས་བྱེད་པ་གནོད་ཐེབས་ཚད་ཆེ་བའི་ཡུལ་ཚོ་དང་གྲོང་རྡལ་དུ་མངགས་ནས་མང་ཚོགས་ལ་སེམས་གསོ་རོགས་སྐྱོབ་བྱེད་པའི་བྱ་བ་སྤེལ་བ་དང་། མང་ཚོགས་ཀྱི་ཞུ་གཏུག་ལ་ཉན་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས། ཏང་ཡོན་ལས་བྱེད་པས་གནད་འགག་དུས་སྐབས་སུ་གདོང་མཆོང་བྱེད་པ་དང་དཀའ་བ་སྔོན་ལ་སྤྱོད་པ། གནད་དོན་ཁྲིད་ཕྱོགས་སུ་བྱས་ཏེ། མང་ཚོགས་ཀྱི་དཀའ་ཁག་ཐག་གཅོད་པར་རོགས་རམ་བྱེད་དགོས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་མཐུན་སྒྲིལ་གཅིག་སེམས་བྱས་ནས། ཏང་རྩ་འཛུགས་ཀྱི་འདྲིལ་ཤུགས་དང་ལྟེ་བར་ཕྱོགས་པའི་ཤུགས། འཐབ་རྩོད་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། ཏང་ཡོན་ལས་བྱེད་པས་མང་ཚོགས་དང་མཉམ་དུ། འགན་འཁྲི་ཕྲག་ཏུ་ལེན་པ་དང་ཁག་ཁུར་བྱེད་ཕོད་པ། འབད་འཐབ་བྱེད་པ། མང་ཚོགས་ཀྱི་བློས་ཐུབ་གྲོགས་པོ་དང་རྟེན་ས་བྱས་ཏེ། ཏང་རྟགས་དེ་གནོད་སྐྱོབ་ཡུལ་དངོས་སུ་འཚེར་བ་དང་ཏང་དར་མང་ཚོགས་ཀྱི་མདུན་དུ་ལྷབ་ལྷུབ་བསྐྱོད་པར་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ལེན་ཧུའུ་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན་བཅས་སོ་སོར་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།