ཟླ12པའི་ཚེས22ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཏེ། བྱ་བའི་ཚན་ཆུང་སོ་སོའི་གྲ་སྒྲིག་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་ཞིང་། ཐེངས་རྗེས་མའི་བྱ་བའི་འཆར་གཞི་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་ཡིས་འགོ་འཛིན་བྱས།
ཚོགས་འདུའི་སྟེང་བསྟན་དོན། གྲ་སྒྲིག་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་ནས་བཟུང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཡང་དག་པའི་འགོ་ཁྲིད་འོག་བྱ་བའི་ཚན་ཆུང་སོ་སོས་ཆབ་སྲིད་ལ་མཐོང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག འགན་འཁྲི་གཙང་སྒྲུབ་བཅས་མཐའ་འཁྱོངས་ཀྱིས་རང་འགུལ་ངང་ཇུས་འགོད་དང་སྔ་མོ་ནས་བྱ་བ་སྤེལ་ཏེ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སོ་སོར་སྐུལ་འདེད་བཏང་།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། བསམ་བློའི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། གྲ་སྒྲིག་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཨུ་ཡོན་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱ་བ་སོ་སོ་ཡག་པོ་བསྒྲུབས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཚོགས་ཆེན་ཡག་པོ་འཚོག་རྒྱུར་འགན་ལེན་བྱེད་དགོས། བྱ་བའི་འགན་འཁྲི་སྔར་ལས་དོན་འཁྱོལ་བྱས་ཏེ་གྲ་སྒྲིག་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། མཐུན་སྦྱོར་གཞོགས་འདེགས། སྤྲོ་སེམས་འཁོལ་བའི་ཞབས་ཞུ། གྲོན་ཆུང་ནན་ཏན། གོ་རིམ་ལྡན་པ་དང་ལས་ཕྱོད་ཆེ་བ་བཅས་ཀྱི་ཚོགས་འདུ་སྒྲུབ་གཉེར་གྱི་སྤྱིའི་བླང་བྱ་གཞིར་བཟུང་སྟེ། རང་ཉིད་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་པ་དང་། འགན་འཁུར་བའི་བྱ་བ་ཆ་རྐྱེན་མེད་པའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། བྱ་བའི་སྒྲིག་ལམ་སྔར་ལས་གཟབ་ནན་དུ་བཏང་སྟེ་ནང་དོན་གཙོ་བོ་དང་བླང་བྱ་ནན་མོ་དེ་ཚོགས་འདུའི་གྲ་སྒྲིག་དང་ཚོགས་འདུ་ཚོགས་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཚོགས་འདུའི་རྣམ་པ་སྔར་ལས་ལེགས་པོ་གཏོད་པ་དང་སྲིད་གྲོས་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་གི་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་སྤྱི་ཚོགས་ལས་རིགས་སོ་སོ་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱེད་དགོས།
ཤ་བོ་གསེར་མཚོས་བསྒྱུར།