
མཚོ་སྔོན་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམ་པུའུ་ཡི་གྲོས་ཚོགས་ཐེངས་ལྔ་བ་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོའི་མི་དམངས་སྲིད་གཞུང་ནས་བསྡུས་ཏེ། དུས་ཐོག་ཏུ་ཙུང་ལི་ལིས་ཆང་གི་ཀན་སུའུ་དང་མཚོ་སྔོན་ནས་གནོད་ཐེབས་མང་ཚོགས་ཀྱིས་དགུན་སྐྱེལ་བར་བཀོད་སྒྲིག་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱེད་སྐབས་ཀྱི་གསུང་བཤད་རེ་བ་བརྒྱུད་སྒྲོག་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གི་ཡོམ་འགོག་རྒུད་སྐྱོབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཡུལ་དངོས་བཀོད་འདོམ་པུའུ་ཡི་བཀོད་འདོམ་པ་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཡུལ་དངོས་བཀོད་འདོམ་པུའུ་ཡི་བཀོད་འདོམ་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
གྲོས་ཚོགས་ནས་བསྟན་དོན། ཙུང་ལི་ལིས་ཆང་གནོད་ཐེབས་ས་ཁུལ་གྱི་ཡུལ་དངོས་སུ་སོང་ནས་ཞིབ་བཤེར་མཛུབ་སྟོན་བྱས་པ་དང་། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཐུགས་ཁུར་ཟབ་མོ་ཁྱེར་ཡོང་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ང་ཚོའི་ཡོམ་འགོག་རྒུད་སྐྱོབ་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད། དོན་དངོས་བྱ་སྤྱོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་རེ་བ་སྣ་ཚོགས་དངོས་འབེབས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་འགན་འཁྲི་ལག་བསྟར་བྱེད་པ། བྱ་བའི་དངོས་འབེབས་དམ་འཛིན་བྱེད་པ། ཤུགས་ཆེན་པོས་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་བཟང་བོར་བསྒྲུབས་ཏེ། ཏང་དང་སྲིད་གཞུང་གི་དྲོད་ཁོལ་མང་ཚོགས་ལ་མྱོང་དུ་འཇུག་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཡོམ་འགོག་རྒུད་སྐྱོབ་ཀྱི་ཡུན་རིང་གྲུབ་འབྲས་ལོན་པར་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་འབྲལ་ཐབས་མེད་ཅིང་། རིམ་པ་སོ་སོའི་དཔོན་དམག་གི་གདོང་མཆོང་སྔོན་བསྐྱོད་དང་འབྲལ་ཐབས་མེད་ལ། རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་བརྟན་སྲུང་གཏོང་ཕོད་ལ་འབྲལ་ཐབས་མེད་པ་དང་། གུས་པར་འོས་པའི་རིགས་སོ་སོའི་མང་ཚོགས་ལ་འབྲལ་ཐབས་མེད། མིག་སྔར་རང་ཞིང་གི་ཡོམ་འགོག་རྒུད་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་འཛིན་མཐོར་འདེགས་དང་མི་དམངས་བླ་རུ་བཀུར་བ། ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་གང་རུང་སྤྱོད་པ་དང་རིན་དོད་གང་རུང་བཏོན་ནས། མུ་མཐུད་དུ་གར་སོང་རྙེད་མེད་པའི་མི་སྣ་སྔོག་བཤེར་བྱེད་དགོས། སྟབས་བདེ་ཁང་བའི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། མྱུར་མོར་མང་ཚོགས་དག་རས་གུར་ལས་བདེ་འཇགས་དང་དྲོད་སྐྱིད་ལྡན་པའི་བར་བརྒལ་ཁང་བའི་ནང་བཀོད་སྒྲིག་བྱེད་དགོས། སྨན་བཅོས་ཐོན་ཁུངས་ལ་གཅིག་འདོམས་དང་། ཤུགས་ཆེན་པོས་རྨས་མར་མྱུར་སྐྱོབ་བྱེད་པ། ནུས་པ་གང་ཡོད་བཏོན་ནས་རྨས་མ་ཇེ་ཉུང་དུ་བཏང་ནས། གནོད་ཐེབས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་འགན་སྲུང་བྱེད་དགོས། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཀྱི་བྱེ་བྲག་གི་བྱ་བ་སྣ་ཚོགས་མྱུར་དུ་སྤེལ་མགོ་རྩོམ་པ་དང་། ས་གཤིས་གནོད་འཚེའི་ཉེན་ཁར་དཔྱད་འཇོག་བྱས་པའི་རྨང་གཞིའི་སྟེང་ཚན་རིག་གི་བསྐྱར་འཛུགས་འཆར་འགོད་གཏན་འབེབས་བྱས་ཏེ། གནད་འཁེལ་གྱིས་གནོད་ཐེབས་ཁང་བའི་བདེ་འཇགས་ཞིབ་བཤེར་དང་དཔྱད་འཇོག་བྱ་བ་སྤེལ་ནས། ཞིག་གསོ་སྲ་བརྟན་དུ་གཏོང་བ་དང་བསྐྱར་འཛུགས་སླར་གསོའི་ཇུས་གཞི་བྱེ་བྲག་ཏུ་གཏོང་དགོས། ཡུལ་བབ་དང་བསྟུན་ཏེ་རིགས་དགར་ཐབས་ཇུས་ལག་བསྟར་བྱེད་པ་དང་། བདེ་འཇགས་དང་གཏན་འཇགས། གོ་རིམ་ལྡན་པའི་སྒོ་ནས་སློབ་ཁྲིད་སླར་གསོ་བྱེད་པར་འགན་སྲུང་བྱེད་དགོས། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། གནས་བབ་རྩད་ཞིབ་བྱེད་པ་དང་བྱེད་ཐབས་མང་བོས་གནོད་འཚེ་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་དགོས། ཉེན་སེལ་རྒུད་སྐྱོབ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཁྲོད་བྱུང་བའི་སྔོན་ཐོན་དཔེ་ལེགས་ཅན་སྔོག་འདོན་གང་ལེགས་བྱེད་པ་དང་། གདངས་དབྱངས་གཙོ་བོ་དར་སྤེལ་དང་དྲང་ཕྱོགས་ནུས་ཚད་གཅིག་བསྡུས་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྦྲེལ་བའི་བསམ་བློའི་རྣམ་པ་བཟང་བོ་མངོན་པར་བྱེད་དགོས།
ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ལིན་ཧུའུ་དང་ཝུའུ་ལཱ་ཙེ་པེ་ཁི་རི་སུའུ་ལེ་ཧན། ཀྲུའུ་ཞང་ཧྥུན། ལིས་ཧོང་ཡཱ། ཧི་ལུའུ་ཁྲོན་བཅས་ཚོགས་འདུར་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།