ཟླ12པའི་ཚེས24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པའི་བརྗེ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་རང་འགན་གཙང་སྒྲུབ་བྱེད་དགོས་པ་དང་བྱས་རྗེས་འཇོག་དགོས།
ཀྲའོ་ལི་ཅི་ཡིས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཏང་གི་མགོ་ཁྲིད་ཕྱོགས་ཡོངས་དང་མ་ལག་ཚང་བ། སྤྱི་ཡོངས་བཅས་ཀྱི་སྒོ་ནས་དམངས་ཆེན་ལས་དོན་ཁྲོད་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་དགོས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཡང་དག་པར་ཆུད་པར་བྱེད་རྒྱུ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ངོས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སེམས་གཅིག་སྡུད་དང་བླ་སྲོག་བསྐྲུན་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་དགོས་ལ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ཏེ། དུས་རབས་གསར་པའི་དམངས་ཆེན་ལས་དོན་ལ་གཅིག་འདོམས་དང་མཛུབ་སྟོན་སྔར་ལས་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲའོ་ལི་ཅི་ཡིས “ཟུང་འབྲེལ་གཉིས”ཀྱི་མཐོ་ཚད་ནས་དམངས་ཆེན་ལམ་ལུགས་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་ཆོས་ཉིད་དང་དགེ་མཚན་ཕན་འབྲས་ལ་ངོས་འཛིན་ཡང་དག་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་ཡོང་བར་འབད་དགོས། རང་རྒྱལ་གྱི་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ཁྲོད་ཟིན་པའི། དམངས་ཆེན་ལམ་ལུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་ཟབ་ཞུགས་བྱེད་དབང་། བསམ་ཚུལ་བཤད་དབང་། ལྟ་སྐུལ་བྱེད་དབང་བཅས་དམངས་ཆེན་ལས་དོན་གྱི་ལས་རིམ་སོ་སོའི་ཁྲོད་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས། དམངས་ཆེན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།
ལིས་ཧུང་ཀྲུང་གིས་བརྗེ་རེས་ཚོགས་འདུར་མགོ་འཛིན་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།