མཚོ་སྔོན་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་དང་གནོད་རྗེས་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་ཟི་ལིང་དུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཙུང་ལི་ལིས་ཆང་གིས་ཀན་སུའུ་དང་མཚོ་སྔོན་དུ་ཞིབ་བཤེར་མཛུབ་སྟོན་མཛད་སྐབས་ཀྱི་གསུང་བཤད་རེ་བ་དོན་འཁྱོལ་བྱས་ལ། བྱ་བའི་སྙན་ཞུ་ལ་ཉན་པ་དང་། གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པར་མ་ཟད། ཡོམ་འགོག་རྒུད་སྐྱོབ་དང་གནོད་རྗེས་བསྐྱར་འཛུགས་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་རྒུད་སྐྱོབ་དང་གནོད་རྗེས་བསྐྱར་འཛུགས་སྐོར་གྱི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་པ་གོ་གནས་དང་པོར་བཞག་སྟེ། ཡང་བསྐྱར་སློབ་ཁྲིད་བྱེད་འགོ་རྩོམ་པ་དང་གནས་སྐབས་ཀྱི་བཀོད་སྒྲིག་ཁང་བ་འཛུགས་སྐྲུན་བྱེད་པ། ས་ཡོམ་ཁྲོད་རྨས་ཕོག་པའི་མང་ཚོགས་ལ་སེམས་ཁུར་གཟིགས་སྐྱོང་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་རྨས་མ་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཕན་ལྡན་བཀོད་གཏོང་དང་བཀོད་འདོམས་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། སུས་གཙོ་འགན་ཁུར་ན་སུས་འགན་ཁུར་བའི་རྩ་དོན་ལྟར། ལས་བགོས་འགན་ཁུར་བྱས་ནས། རང་སོ་སོའི་འགན་འཁྲི་ལག་བསྟར་བྱེད་པ་མ་ཟད། མཉམ་ལས་དམ་ཟབ་བྱས་ནས། དུས་ཐོག་ཏུ་བརྗེ་རེས་འབྲེལ་འདྲིས་བྱེད་པ་དང་། བསྐྱར་ཟློས་དོ་དམ་བྱེད་པ་དང་ཕྱོགས་མང་བཀོད་འདོམས་བྱེད་པ་སོགས་གནད་དོན་འབྱུང་བར་བཀག་འགོག་བྱེད་དགོས། སྡེ་ཁག་སོ་སོའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། འཛུགས་སྐྲུན་དུས་ཚོད་དམ་འཛིན་བྱེད་པ། དུས་ཚོད་རེའུ་མིག་གཏན་ཁེལ་གསལ་བོ་བྱས་ཏེ། ལས་འགན་སྣ་ཚོགས་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་གྱིས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། གཞི་རིམ་དང་ལས་དངོས་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བྱེད་པ། སྲིད་ཇུས་གཏན་འབེབས་དང་བསམ་འཆར་བསྡུ་ལེན་བྱེད་སྐབས་དངོས་སུ་འབད་འཐབ་བྱས་ནས། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་སྟོབས་ཤུགས་དང་དུས་ཚོད་སྔར་ལས་མང་པོ་མང་ཚོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་བྱ་བའི་ཁྲོད་སྤྱོད་དུ་འཇུག་དགོས། བྱ་བ་གཅིག་འདོམས་བྱེད་པར་ཤུགས་སྣོན་པ་དང་། དུས་ཐོག་ཏུ་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དུ་ཡར་ཞུ་བརྗེ་རེས་བྱེད་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་མཛུབ་ཁྲིད་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། སྲིད་ཇུས་གང་སར་ཁྱབ་པར་བྱས་ཏེ། བསམ་བཀོད་གཅིག་ལྟར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་གནོད་འཚེ་གྱོང་གུད་ལ་དཔྱད་འཇོག་བྱེད་པ་དང་། གནོད་འཚེའི་གྱོད་གུད་དཔྱད་འཇོག་ཐད་ཀྱི་སྙན་ཞུ་གྲུབ་པར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་རྗེས་བསྐྱར་འཛུགས་ཀྱི་ཇུས་གཞི་གཏན་འབེབས་བྱེད་པ། ལས་གཞིའི་ཡིག་ཐོག་སྙན་ཞུ་བྱ་བ་བཟང་བོར་བསྒྲུབ་པ། ནོར་ཁྲལ་དང་དངུལ་རྩ། ས་ཞིང་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་བྱེད་པ་དང་ཕྱིར་བཏོན་ནས། གནོད་རྗེས་བསྐྱར་འཛུགས་བྱ་བ་སྤེལ་བའི་ཐད་རྨང་གཞི་བརྟན་པོ་འཛུགས་དགོས། དམངས་ཚིས་འགན་སྲུང་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་བཀོད་སྒྲིག་བཟང་བོ་བྱེད་པ། ཉིན་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པ། ཕྱིར་དབུལ་བོར་འགྱུར་བ་དང་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་མི་སྣའི་རྩིས་ཐོ་འཛུགས་པ། རེ་རེ་བཞིན་ཞིབ་འཇུག་བྱེད་པ། ཆད་ལུས་མེད་པར་ཡོངས་སུ་ཁེབས་པར་ཁག་ཐེག་བྱས་ཏེ། གནོད་འཚེ་ཡི་དབང་གིས་ཕྱིར་དབུལ་བོར་འགྱུར་བ་དང་གནོད་འཚེ་ཡི་དབང་གིས་དབུལ་བོར་འགྱུར་བ་གཏན་དུ་བཀག་འགོག་བྱེད་དགོས། མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། མ་དངུལ་སྣ་ཚོགས་ལ་གཅིག་འདོམས་བཟང་བོ་དང་དོ་དམ་བཟང་བོ། ཚད་ལྡན་བཀོལ་སྤྱོད་བྱེད་པ། ལྟ་སྐུལ་ཞིབ་བཤེར་གྱི་འགག་སྒོ་བརྟན་སྲུང་བྱས་ནས། ཡོམ་འགོག་རྒུད་སྐྱོབ་ཀྱི་མ་དངུལ་གྱིས་ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་པ་དང་། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཝང་ལེན་ཧུའུ། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཧི་ལུའུ་ཁྲུན་བཅས་ཀྱིས་ཡན་ལག་ཚོགས་ར་ནས་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཀྲའོ་ཡུའེ་ཞ་དང་ཝང་ཏ་ནན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝུན། ལིས་ཧུང་ཡ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ལིས་ཙའེ་ཡོན་བཅས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།