ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས། 《2024ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས།
《བརྡ་ཐོའི》ནང2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན། ས་གནས་དང་སྡེ་ཁག་སོ་སོས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བྱ་བ་ཁག་ལ་སྤྱི་འདོམས་ཡག་པོ་བྱས་ནས། མི་དམངས་མང་ཚོགས་ཀྱིས་སྤྲོ་སྣང་དང་འཆམ་མཐུན་གྱི་སྒོ་ནས་དུས་ཆེན་སྐྱིད་པོ་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་བསྟན།
དཀའ་ཁག་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་གང་ལེགས་བྱས་ཏེ། རོགས་སྐྱོབ་དང་རོགས་སྐྱོར་གྱི་ལས་དོན་ཡག་པོར་བསྒྲུབ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་དཀའ་ཚེགས་ཆེ་བའི་ས་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོ། ལྷག་པར་དུ་ཉེ་དུས་གངས་ཆར་དང་ས་ཡོམ་སོགས་ཀྱི་གནོད་འཚེ་ཐེབས་སར་བསྐྱོད་དེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཚོར་དུ་འཇུག་དགོས།
དུས་ཆེན་གཉིས་སྐབས་ཀྱི་ཁྲོམ་རའི་མཁོ་སྤྲོད་ལ་འགན་ལེན་གང་ལེགས་བྱས་ནས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་དགོས། རྡོ་སོལ་དང་གློག སྣུམ་རླངས་སོགས་ཀྱི་མཁོ་སྤྲོད་ལ་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པའི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་ནས། མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས། འབྲུ་རིགས་བདེ་འཇགས་དང་འབྲེལ་བའི་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་། ཚོད་སླེའི་གྲོང་ཁྱེར་མགོ་གཙོའི་འགན་འཁུར་པའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ། ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཟ་ཁང་དང་མགྲོན་ཁང་། མཛེས་ལྗོངས་ཁུལ་གྱི་འཛིན་བྱང་། རླངས་འཁོར་འཇོག་ས་སོགས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ཀྱི་རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དུས་ཆེན་གྱི་རྣམ་པ་འབད་པས་བསྐྲུན་དགོས། ཡིད་ཆེས་ཆེ་རུ་གཏོང་བ་གཙོ་གནད་དུ་བཟུང་ནས་དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྤོབས་པ་ཞུམ་མེད་སྒོས་མདུན་དུ་བསྐྱོད་པའི་དུས་རབས་གསར་པའི་གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། བརྗོད་སྙིང་གཙོ་བོ་དར་སྤེལ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་མདུན་སྐྱོད་སྟོབས་ཤུགས་ཆེན་པོར་སྐུལ་སློང་བཅས་བྱེད་དགོས།
ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ལས་དོན་ཡག་པོར་བསྒྲུབ་ནས། ཞིབ་ཚགས་ཅན་གྱི་ཞབས་ཞུ་ལ་བརྟེན་ནས་མང་ཚོགས་ཀྱི་འགྲོ་འོང་ལ་འགན་ལེན་བྱེད་དགོས། དུས་རིམ་གལ་ཆེན་དང་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་པའི་ལམ་ཕྱོགས་ཀྱི་སྐྱེལ་འདྲེན་བྱེད་ཤུགས་གསོག་འཇོག་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འགྲོ་འོང་དགོས་མཁོ་སྐོང་གང་ཐུབ་བྱེད་དགོས། ལས་ཁུངས་སོ་སོས་གླ་ཕོགས་བླངས་ནས་ངལ་གསོ་བ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ལས་བཟོ་པས་གནམ་གང་ཉིན་མོར་ངལ་གསོ་བྱེད་ཐུབ་པར་བཀོད་སྒྲིག་བྱེད་དགོས། ལུགས་རྙིང་ལོ་སར་སྐབས་སུ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་རིན་མི་དགོས་པར་འགྲོ་སྐྱོད་བྱས་ཆོག་པའི་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་པ་དང་། ལམ་འགག་པའི་གནས་ཚུལ་ལ་ཁྲིད་སྟོན་དང་དོ་དམ་ཚོད་འཛིན་གང་ལེགས་བྱེད་དགོས།
རིམས་ནད་འགོག་སྡོམ་གྱི་བྱ་བ་ཡག་པོར་བསྒྲུབ་ནས། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། པྲོག་གསར་རིམས་ནད་དང་ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་འགོག་སྡོམ་བྱེད་རྒྱུར་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། རྒན་གསོ་དང་བྱིས་སྐྱོང་ཁང་། སྤྱི་ཚོགས་ཕན་བདེ་སོགས་ལས་ཁུངས་དང་དེ་བཞིན་བར་ཁྱམས་བཀག་སྡོམ་ཁུལ་དུ་འགོག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས། གཅིག་སྡུད་རང་བཞིན་གྱི་རིམས་ནད་ནན་འགོག་བྱེད་དགོས།
ལས་རེས་བརྟན་སྲུང་ལ་ཤུགས་བསྣན་ནས། ལས་དོན་ཁག་ཚང་མ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་འགན་ལེན་བྱེད་དགོས། མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བའི་ལས་ཁུངས་ཀྱིས། དུས་ཆེན་སྐབས་ཀྱི་ལས་རེས་ལས་འགན་བཀོད་སྒྲིག་ལུགས་མཐུན་བྱས་ནས། ཞབས་ཞུའི་སྤུས་ཚད་ལ་འགན་ལེན་གང་ལེགས་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།