རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་པེ་ཅིང་དུ་འཚོགས།
2023.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 99

ཟླ12པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་རྗེས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་མ་ཟིན་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད།

ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཡོན་ཧྲུའུ་ཧུང་དང་ཞུས་ཧོས། ཝང་ཧུང་ཞང་། ཀྲིག་ཀོང་ཆོན་བཅས་ཀྱིས་སོ་སོར་ཕུལ་བའི། ཀུང་ཟིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ་དང་དགེ་སྒྲུབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྙན་ཞུ། འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྙན་ཞུ། ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་བཅུ་གཉིས་པར་གྲོས་ཞིབ་བྱས་པའི་སྙན་ཞུ་བཅས་ལ་ཉན།

ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧོང་མེན་དང་ཚུང་པེན་གྱིས་སོ་སོར་ཕུལ་བའི། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བ་དང་དོ་དམ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པའི་སྙན་ཞུ་དང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པའི་སྙན་ཞུར་ཉན།

ཨུ་ཡོན་ཀྲང་གི་ཚོགས་ཐོག་ནས་ལྟ་སྐུལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། ཨུ་ཡོན་ཀྲང་གི་ཚོགས་འདུའི་མངགས་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཙུན་གྱིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་མཚམས་ཀྱི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞི་བཏོན་པ་དང་། གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་ཡུས་ཅན་ཧྭ་དང་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཝང་ཀོང་ཧྭ་ཡིས་སོ་སོར་གསལ་བཤད་བྱས།

ཚོགས་ཐོག་ནས་ད་དུང་བསྐོ་འཐེན་སྐོར་གྱི་གྲོས་གཞི་སོགས་ལ་གྲོས་ཞིབ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།