ཟླ12པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཀྲུང་ནན་ཧའེ་ཙི་ཀོང་ཀི་རུ་བརྙན་ལམ་ནས། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་མགོ་ཁྲིད་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས།
ལིས་ཆང་དང་འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ཡིས་མཉམ་དུ་ཚོགས་འདུར་མགོ་འཛིན་གནང་བ་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནེ་དང་ལའོ་ཝའོ་ཡི་ཙུང་ལི་སུང་སའེ། ཐེ་གོའི་ཙུང་ལི་སའེ་ཐཱ། ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་བཅས་ཚོགས་འདུར་ཞུགས།
ལིས་ཆང་གིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སྤེལ་ནས་ལོ་བདུན་འཁོར་བའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་ཁབ་སོ་སོའི་མགོ་ཁྲིད་མི་སྣའི་འཐབ་ཇུས་སྣེ་འདོམས་འོག་ཏུ། རྒྱལ་ཁབ་དྲུག་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ནུས་ལྡན་བསྐྲུན་ནས། མཉམ་དུ་བདེ་འཇགས་ཀྱི་སྲུང་ཕུབ་བཀན་མོ་བཙུགས་པ་དང་། ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཡི་འབྲེལ་ཐག་སྔར་ལས་ཇེ་དམ་དུ་བཏང་བའི་དབང་གིས། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ང་ཚོས་མཉམ་དུ་བྱ་གཞག་འདིར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས།
ལིས་ཆང་གིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཐད་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནས་སིམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་རྒྱུ་དང་། ཕན་ཚུན་སྦྲེལ་མཐུད་ཀྱི་འཐབ་ཇུས་ལས་གཞིར་འཆར་འགོད་གང་ལེགས་དང་ལག་བསྟར་ཡག་པོ་བྱེད་པ། དཔལ་འབྱོར་ཚོང་དོན་དང་ཐོན་ནུས། ཞིང་ལས། རིག་ནུས་བཟོ་སྐྲུན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། གཉིས་ནས་ལྗང་མདོག་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོས་ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་གཏོང་བའི་ལུགས་མཐུན་ཁེ་དབང་ལ་བརྩི་འཇོག་གང་ལེགས་བྱས་ནས། རྫ་ཆུ་དང་མེ་ཀུང་གཙང་པོའི་འབབ་རྒྱུད་ཧྲིལ་བོ་བཅོས་སྐྱོང་སོགས་ཀྱི་མཉམ་ལས་འཚོལ་ཞིབ་བྱེད་དགོས། གསུམ་ནས་བདེ་འཇགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། “བདེ་འཇགས་ཀྱི་རྫ་ཆུ་དང་མེ་ཀུང་གཙང་པོའི་བྱ་སྤྱོད”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། དྲ་ལམ་རྒྱན་འཇོག་དང་མགོ་གཡོག་མགོ་སྐོར་སོགས་ཀྱི་ནག་ཉེས་བཟོ་བའི་བསམ་སྦྱོར་ལ་རྡུང་རྡེག་ནན་མོ་གཏོང་དགོས། བཞི་ནས་མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། ན་གཞོན་དང་རིག་མཛོད། ས་གནས་སོགས་མཉམ་ལས་ཀྱི་དགེ་མཚན་གསར་པ་འདོན་སྤེལ་བྱེད་དགོས།
ཚོགས་ཞུགས་མགོ་ཁྲིད་པས་ཀན་སུའུ་ཡི་ས་ཡོམ་ཁྲོད་མི་སྣར་ཤི་རྨས་བྱུང་བར་ཀྲུང་གོ་ཕྱོགས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་། ཕྱོགས་སོ་སོས་ཀྲུང་གོ་ཕྱོགས་ཀྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་མངོན་གསལ་བཞག་པར་ཐུགས་རྗེ་ཆེ་ཞུས་ནས། རྒྱལ་ཁབ་དྲུག་པོས་གོ་སྐབས་མཉམ་སྤྱོད་དང་འགྲན་སློང་མཉམ་བསུ་བྱས་ནས། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱེད་རྒྱུ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ། རྫ་ཆུ་དང་མེ་ཀུང་གཙང་པོའི་དཔལ་འབྱོར་འཕེལ་རྒྱས་ཁུལ་བསྐྲུན་པ་བཅས་བྱས་ཏེ། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་འདོད་བློ་བསྟན།
ཚོགས་ཐོག་ནས《རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་མགོ་ཁྲིད་པའི་ཚོགས་འདུ་ཐེངས་བཞི་པའི་ནའེ་པེས་ཏུའུ་ཡི་བསྒྲགས་གཏམ》དང་། 《རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི2023ལོ་ནས2027ལོའི་བར་གྱི་ལོ་ལྔའི་བྱ་སྤྱོད་འཆར་གཞི》། 《རྫ་ཆུ་དང་མེ་ཀུང་གཙང་པོའི་ས་ཁུལ་གྱི་གསར་གཏོད་བར་ཁྱམས་འཛུགས་སྐྲུན་གྱི་ཐུན་མོང་གྲོས་གཞི 》བཅས་བཏོན། ཐེ་གོས་སྐབས་རྗེས་མའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཐུན་མོང་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཐག་བཅད།
ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།