ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་དང་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་འཛུགས་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ12པའི་ཚེས26ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ལས་ཁུངས་འཛུགས་སྐྲུན་དང་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་འཛུགས་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུའུ་ཞི་གཞོན་པ་ཁོང་ཡུང་དང་ཝང་ཞོན། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གསར་དུ་འགན་ཁུར་བའི་ཨུ་ཡོན་གྱི་གསོ་སྦྱོང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། བློ་མཐུན་དྲུག་གིས་ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གཞི་རིམ་སྲིད་གྲོས་དང་སྲིད་གྲོས་ཨུ་ཡོན་བཅས་ཀྱི་ཚབ་བྱས་ནས། རང་སོ་སོའི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་དང་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོ་བརྗེ་རེས་བྱས་པ་དང་། སྲིད་གྲོས་བྱ་བར་སྔར་ལས་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་ཐད་ནས་གྲོས་གཞི་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་འགན་འཁྲི་ཁག་ཁུར་དྲག་པོས། སྲིད་གྲོས་ལས་དོན་ནམ་ཡང་ཕྲག་ཏུ་ལེན་པ་དང་། སྲིད་གྲོས་བྱ་བ་དམ་འཛིན་བྱེད་པ། སྲིད་གྲོས་ཀྱིས་འགན་སྒྲུབ་བྱེད་རྒྱུ་དེ་སེམས་ལ་འཛིན་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་ཐད་ཀྱི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱེད་པ། ལག་བསྟར་བྱེད་པ་དང་གོར་བུར་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། གསར་སྤེལ་གསར་གཏོད་ཀྱི་འདུ་ཤེས་དང་དངོས་གཉེར་ཁག་ཁུར་གྱི་ངར་ཤུགས་ལ་བརྟེན་ནས། རང་སོ་སོའི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་གཙོ་འགན་གཙོ་ལས་ཁོང་དུ་ཆུད་པར་བྱེད་པ་དང་། སྲིད་གྲོས་བྱ་བའི་ལམ་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྲིད་གྲོས་ཀྱི་རེ་བ་གསར་བ་དང་མཐུན་པར་བྱེད་པ་དང་འགན་སྒྲུབ་ཀྱི་གྲུབ་འབྲས་གསར་བ་མངོན་པར་བྱེད་པ། མཉམ་ལས་ཀྱི་སྟེགས་བུ་གསར་བ་འཛུགས་པ། ཨུ་ཡོན་གྱི་སྣང་བརྙན་གསར་བ་མངོན་པར་བྱེད་པའི་ཁྲོད་བྱས་རྗེས་གསར་བ་བཞག་སྟེ། མི་དམངས་སྲིད་གྲོས་ཀྱི་ས་གནས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་སྔར་ལས་འབུར་དུ་ཐོན་པར་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་བསྐྲུན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་བྱེད་པའི་སྟེང་རང་དཔེ་གཞན་སྟོན་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། མིག་དཔེ་བྱེད་པ། སློབ་སྦྱོང་ངོ་མ་དང་ཡིད་ཆེས་ཟབ་མོ་བྱེད་པའི་སློབ་སྦྱོང་གི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་ཁྲོད་ལག་ལེན་གྱི་རེ་བར་གོ་བ་ལེན་པ། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པ་དང་གོ་དོན་མཐིལ་རྟོགས་བྱེད་པར་དོ་སྣང་བྱས་ནས། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།  དུས་རབས་གསར་བའི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་ངེས་གནས་གཏན་ཁེལ་དང་འགན་འཁྲི་ལས་འགན་ལ་གོ་བ་ཡང་དག་ལེན་པ་དང་། གཙོ་འགན་གཙོ་ལས་གཙིགས་སུ་འཛིན་པ། དམངས་གཙོ་ལྟ་སྐུལ་ལ་ཤུགས་སྣོན་པ། རྒྱུན་རྣམ་ཅན་གྱི་གྲོས་མོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་བཟང་བོ་བྱས་ནས། གྲོས་མོལ་འགན་སྒྲུབ་བྱེད་པའི་ཐད་ཆ་རྐྱེན་བཟང་བོ་བསྐྲུན་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་བྱེད་པ། འགན་སྒྲུབ་ཀྱི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་དགོས། སྲིད་གྲོས་ཀྱི་འགན་སྒྲུབ་སྟེགས་བུའི་སྟེང་ཨུ་ཡོན་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པ་དང་། ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་བ། ལས་རིགས་སོ་སོའི་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། ཁག་ཁུར་འགན་བསྟར་བྱེད་པ། སྒྲིལ་ལམ་བརྩི་བ་དང་སྤྱོད་ལམ་ལ་མཐོང་ཆེན་བྱེད་པ། ཞབས་ཞུ་དོ་དམ་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་འགན་སྒྲུབ་མཉམ་ཤུགས་གྲུབ་པར་བྱེད་པ་དང་། བྱས་རྗེས་གསར་བ་དང་ཁག་ཁུར་གསར་བ། གྲུབ་འབྲས་གསར་བར་བརྟེན་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་བྱས་ཏེ། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།