མཚོ་སྔོན་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་དང་གནོད་རྗེས་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་གྱི་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་དུ་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། གནོད་ཐེབས་མང་ཚོགས་ཀྱི་བདེ་སྡུག་དུས་ནམ་ཡང་སེམས་སུ་བཟུང་ནས། གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་དྲོད་ལྡན་གྱི་དགུན་ཁ་ཞིག་རོལ་བར་འགན་སྲུང་བྱེད་དགོས། གཅིག་བསྡུས་བཀོད་སྒྲིག་བྱེད་ས་སོ་སོ་རུ་ཆུ་གློག་དང་དྲོད་འདོན། སྤྱོད་ཁང་། འཚོ་བའི་གད་སྙིགས་བསྡུ་རུབ་སྒྲིག་ཆས། ཏང་དང་མང་ཚོགས་ཀྱི་བྱ་བའི་ས་ཚུགས། སྨན་བཅོས་ཞབས་ཞུ་བཅས་སྣ་དྲུག་ཡོད་པའི་རྨང་གཞིའི་སྟེང་། བཀོད་སྒྲིག་ས་ཆའི་དཔོན་པོའི་འགན་ཁུར་ལམ་ལུགས་དང་བཀོད་འདོམས་བྱ་བའི་འཕྲིན་གཏོང་འབྲེལ་འདྲིས། བདེ་འཇགས་སྐོར་ཞིབ། ཕན་ཚུན་རོགས་རེས་རྐྱེན་སྲོལ། འགལ་རྩོད་འདུམ་སྒྲིག དང་བླངས་ཞབས་ཞུ་གནད་ལ་འཁེལ་བར་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཚན་གཙོ་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་གར་སོང་མི་ཤེས་པའི་མི་སྣའི་འཚོལ་སྐྱོབ་དང་སྟབས་བདེ་ཁང་བ་འཛུགས་སྐྲུན་བྱེད་པ་དང་ནང་དུ་སྡོད་པ། གནོད་ཐེབས་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུ་འགན་སྲུང་། གནོད་ཐེབས་ས་ཁུལ་གྱི་སློབ་ཁྲིད་སླར་གསོ། གནོད་རྗེས་བསྐྱར་འཛུགས་དང་ས་གནས་འདེམ་པ་སོགས་ཀྱི་གནས་ཚུལ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འཐུས་ཚང་ཕན་ལྡན་གྱི་བཀོད་འདོམས་མ་ལག་འཛུགས་པ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱེད་པ་དང་ཁ་གཏད་བཟང་བོ་འཇལ་ནས། དུས་ཐོག་ཏུ་བྱ་བའི་ཁྲོད་བྱུང་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཞིབ་འཇུག་བྱེད་པ་དང་ཐག་གཅོད་དགོས། ཆེད་ལས་རོགས་སྐྱོབ་དཔུང་སྡེ་ལ་གཅིག་འདོམས་བྱེད་པ་དང་། མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུས་གར་སོང་མི་ཤེས་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་དལ་འགོར་བྱེད་མི་རུང་། གནོད་ཐེབས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་རྐང་འཛུགས་པ་དང་། གནས་སྐབས་ཀྱི་ཁང་བའི་ནང་སྡོད་པའི་བྱ་བར་རྩ་འཛུགས་བྱེད་པ། གནས་སྐབས་ཀྱི་ཁང་བའི་ནང་སྡོད་པའི་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་འཛུགས་པ། བཀོད་སྒྲིག་ཁུལ་གྱི་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་ཆུ་བཀོལ་མེ་སྤྱོད་དང་ལྭ་འཁྲུད་གཡོས་སྦྱོར་སོགས་ཀྱི་གནད་དོན་ཐག་གཅོད་དགོས། རྨས་མ་སྐྱོབ་བཅོས་ཀྱི་ཇུས་གཞིར་ཞིབ་འཇུག་བྱེད་པ་དང་། སྨན་བཅོས་བྱེད་ཐབས་སྣ་ཚོགས་སྤྱོད་པ། ཐབས་བརྒྱ་ཇུས་སྟོང་གིས་རྨས་མར་སྐྱོབ་བཅོས་བྱེད་པ་དང་རྨས་ཕོག་པའི་དབང་གིས་དབང་བོ་སྐྱོན་ཅན་དུ་འགྱུར་བའི་མི་སྣ་ཇེ་ཉུང་དུ་བཏང་སྟེ། མི་རེ་དང་དཔུང་སྡེ་རེ་ཡིས་འབད་འཐབ་ལྷོད་མེད་ཀྱིས་ཉེན་ཆེའི་མི་སྣའི་སྲོག་སྐྱོབ་དགོས། འཕྲོད་བསྟེན་ཁང་སོགས་སྤྱི་ཐུན་འཕྲོད་བསྟེན་མ་ལག་མྱུར་དུ་སླར་གསོ་བྱས་ནས། མང་ཚོགས་ཀྱི་ཉིན་རྒྱུན་གྱི་སྨན་བཅོས་དགོས་མཁོ་སྐོང་དགོས། བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག རྫོང་དང་ཡུལ་ཚོ། སྡེ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། བྱེད་ཐབས་ཞིབ་མོ་གཏན་འབེབས་བྱས་ཏེ། ཕྱོགས་ཡོངས་ནས་སློབ་ཁྲིད་སླར་གསོ་བྱེད་པའི་བྱ་བར་སྐུལ་འདེད་གཏོང་དགོས། གནོད་རྗེས་བསྐྱར་འཛུགས་ཀྱི་ས་གཤིས་རྩད་ཞིབ་དང་ས་གཤིས་གནོད་འཚེའི་དཔྱད་འཇོག་བཟང་བོ་བྱེད་པ་དང་། བསྡུར་འདེམ་ཇུས་གཞི་ལེགས་བསྒྱུར་བྱེད་པ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། གནས་ལུགས་གསལ་བོར་བཤད་པ་དང་། སྲིད་ཇུས་འགྲེལ་བཤད་གསལ་བོ་བྱེད་པ། བྱ་བ་བཟང་བོར་བསྒྲུབ་ནས། ཚན་རིག་དང་མཐུན་པ་དང་དམངས་གཙོ་དང་ཁྲིམས་ལྟར་ཇུས་ཆོད་འགོད་པ་དང་། མཛེས་སྡུག་གི་ཁྱིམ་གཞི་བསྐྱུར་འཛུགས་བྱེད་དགོས། ཚོང་ར་སླར་གསོ་བྱེད་པ་དང་། ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་ཕྱེས་ནས། མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་བ་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས། གནོད་ཐེབས་མང་ཚོགས་རྩ་འཛུགས་བྱེད་པ་དང་། ཁོ་ཚོའི་ཐོན་སྐྱེད་རང་སྐྱོབ་དང་ཕན་ཚུན་རོགས་རེས། རྒུད་གསབ་ལས་སྤྲོད་བྱེད་པར་སྣེ་ཁྲིད་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་བགྲོད་ལམ་བཀག་མེད་དང་ཁོར་ཡུག་བཅོས་སྐྱོང་། གད་སྙིགས་དག་གཙང་སོགས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།
ཚན་གཙོ་གཞོན་པ་དབྱང་ཧྥ་སིན་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།