ཟླ12པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་དུ། ས་ཡོམ་གྱི་གནོད་འཚེ་ཐེབས་པའི་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་གྲོང་གསེབ་བཅས་རིམ་པ་ལྔའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་པ་རྒྱུན་འཁྱོངས་བྱེད་པ་དང་། བརྩེ་སེམས་དང་ནུས་ཤུགས་བཏོན་ནས་མང་ཚོགས་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས་ལ། རིགས་སོ་སོའི་མང་ཚོགས་ཀྱི་ཉམས་པ་མེད་པའི་རང་སྟོབས་དང་། ཕན་ཚུན་རོགས་རེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བཏང་སྟེ། སེམས་ཤུགས་མཉམ་འདོན་དང་། དཀའ་ཁག་ཁྱད་སེལ་གྱིས་རེ་བ་གསར་བ་བསུ་དགོས་ཞེས་ནན་བཤད་བྱས།
ཚོགས་ཐོག་ཏུ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། མེན་ཧོ་དང་། དཔའ་ལུང་། ཞུན་ཧྭ་བཅས་རྫོང་གསུམ་གྱི་རྫོང་ཏང་ཨུའི་ཧྲུའུ་ཅི། ཡུལ་ཚོ་དང་གྲོང་རྡལ་ཁག་ཅིག་གི་ཏང་ཨུའི་ཧྲུའུ་ཅི། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། གནས་སྐབས་བདེ་འགོད་ས་ཚུགས་ཀྱི་འགན་ཁུར་བློ་མཐུན་དང་ཏང་ཡོན་རྒན་པའི་འཐུས་མི་བཅས་ཀྱིས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་བྱ་བ་ཇི་ལྟར་ལེགས་པོར་སྒྲུབ་པའི་ཕྱོགས་ནས་བྱེད་ཐབས་དང་། མྱོང་ཚོར་གླེང་ཞིང་། བསམ་ཚུལ་བཏོན། ཁྲིན་ཀང་གིས་ཉན་ཞོར་དུ་ཟིན་བྲིས་བཏབ་པ་དང་། མཚམས་རེར་གནས་ཚུལ་གསལ་བོར་དྲིས་ནས་དོགས་གནད་སེལ།
ཁྲིན་ཀང་གིས་བཤད་རྒྱུར། ས་ཡོམ་བྱུང་རྗེས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་གཞན་དོན་མཐའ་འཁྱོལ་སྒྲུབ་ནས། བསྟུད་མར་ཡོམ་འགོག་གནོད་སྐྱོབ་ཀྱི་ལས་ཡུལ་དང་པོར་འབད་འཐབ་བྱས། ཟས་གོས་ལ་འདང་རྒྱག་མེད་ཀྱང་། ལུས་སེམས་ཀྱི་ངལ་བ་གང་མང་མྱོང་བཞིན་ཡོད་པ་བསམ་ན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཆ་ནས་དོན་དེ་མིག་ལ་ཐོགས་ཤིང་སེམས་ལ་བཟུང་ཡོད། མིག་སྔར། ཡོམ་འགོག་གནོད་སྐྱོབ་བྱ་བའི་གནད་འགག་གི་དུས་སྐབས་ཡིན་པས། དཀའ་ཁག་ཇི་ལྟར་ཆེ་ན་དེ་ལྟར་རང་སེམས་ལ་ཉམས་ལེན་བྱེད་ཐུབ་པ་དང་། ཇི་འདྲའི་བྲེལ་འཚུབ་དང་ཉེན་ཁ། དཀའ་ཁག་ཡོད་པའི་ལས་འགན་ཡིན་ན་དེ་ལྟར་ཁུར་དུ་ལེན་དགོས་ལ། གནོད་འཚེ་ཆེན་པོ་དང་དཀའ་ཁག་ཆེན་མོར་གདོང་གཏོད་དུས། ཏང་གི་རིམ་པ་སོ་སོའི་ཧྲུའུ་ཅི་ཡིན་པའི་ཆ་ནས། ང་ཚོ་ངེས་པར་དུ་དཔའ་ངར་ཆེན་པོས་སྔོན་ལ་ལངས་དགོས་ཤིང་། དཀའ་སྡུག་སྔོན་ལ་མྱངས་ཐུབ་དགོས་པར་མ་ཟད། འབད་པ་ཆེན་པོས་ལས་དོན་ཁག་སོ་སོ་སྔར་ལས་ལེགས་པར་སྒྲུབ་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དེ་སེམས་ནང་གི་ཆེས་མཐོ་བའི་གནས་སུ་བཞག་སྟེ། རང་སར་མི་སྡོད་པར་མང་ཚོགས་ལ་སེམས་ཁུར་བྱེད་དགོས་ལ། བསམ་སྦྱོར་ཡོད་ཚད་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་གནང་བ་དེ་གནོད་ཐེབས་མང་ཚོགས་རེ་རེས་ཚོར་ཐུབ་པར་བྱེད་དགོས་ཤིང་། ངེས་པ་དོན་གྱིས་བྱ་བ་སྒྲུབ་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ་པར་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་ནུས་པ་དང་། ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། དམངས་ཀྱི་ཆེད་དུ་ཐབས་ཇུས་འདོན་པ་དང་དམངས་ཀྱི་དགོས་མཁོ་བསྐང་དགོས་ལ། གནད་དོན་ལ་ཐུག་ཚེ་བསམ་གཞིགས་གང་ལེགས་བཏང་ནས་ངར་སེམས་བསྐྱེད་དེ་ཕྲག་ཏུ་ལེན་དགོས་པ་དང་། བྱེ་བྲག་གི་གནས་ཚུལ་ལ་དམིགས་ནས་བྱེ་བྲག་གི་གནད་དོན་ཐག་གཅོད་པ་དང་། མང་ཚོགས་ཀྱི་རྒྱབ་རི་བརྟན་པོ་ཞིག་བྱེད་དགོས། ནུས་ཤུགས་ཡོད་རྒུས་བར་བརྒལ་བཀོད་སྒྲིག་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ལེགས་པོར་སྒྲུབ་དགོས་ཏེ། མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་པ་དང་། ཅི་ནུས་ཀྱིས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་། མང་ཚོགས་ཀྱིས་རང་སྐྱོབ་དང་རོགས་སྐྱོར་བྱེད་པར་ཁྲིད་སྟོན་དང་། རྒུད་གསབ་ལས་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཚད་ཆེས་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་ཀྱི་ནུས་པ་གཙོ་བོ་འདོན་གང་ཐུབ་བྱེད་དགོས། དྲིལ་སྒྲོག་སྣེ་ཁྲིད་ཡག་པོར་སྒྲུབ་སྟེ། མི་བཟང་དོན་བཟང་ཤེས་པར་བྱས་ནས་སྔོན་ཐོན་དཔེ་མཚོན་དུ་འདེམ་དགོས་ཤིང་། མང་ཚོགས་ཀྱིས་ལྷབ་ལྷབ་ཏུ་བསྐྱོད་པའི་ཏང་དར་མཐོང་བར་བྱེད་པར་མ་ཟད། ཏང་གི་བརྩེ་བ་ཟབ་མོ་ནམ་ཡང་གམ་དུ་ཡོད་པ་དེ་སེམས་གཏིང་ནས་ཚོར་ཐུབ་པར་བྱེད་དགོས།
ཁྲིན་ཀང་གིས་མིག་སྔར་རས་གུར་ནང་དུ་སྡོད་པའི་མང་ཚོགས་ཚང་མ་སྟབས་བདེ་ཁང་བ་རུ་སྤོར་བར་ཁག་ཐེག་བྱས་ཏེ། གྲོས་འདོན་ཇུས་འབུལ་བྱས་ཏེ་བདེ་འགོད་བྱེད་སའི་མང་ཚོགས་ཀྱི་ཟ་འཐུང་གི་གནད་དོན་ཐག་གཅོད་བྱེད་པ་དང་། དྲོད་འདོན་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། གནས་ཚུལ་དང་བསྟུན་ནས་སློབ་ཁྲིད་སླར་གསོ་བྱེད་པ་དང་། སྨན་བཅོས་འགན་སྲུང་ལེགས་པོར་སྒྲུབ་པ། ཚོང་ལས་དང་ཚོང་ར་སླར་གསོ་བྱེད་པ་དམ་འཛིན་བྱེད་དགོས། སྔ་མོ་ནས་སང་ལོའི་དཔྱིད་རྨོ་བྱ་བའི་གྲ་སྒྲིག་བྱ་བར་འཆར་འགོད་བྱེད་པ་དང་། ཕྱི་རུ་ལས་ཀ་ལས་པའི་མི་སྣར་སེམས་ཁུར་གཟིགས་སྐྱོང་བྱེད་པ། གཏོར་སྐྱོན་ཐེབས་པའི་ཁང་བར་མྱུར་དུ་དཔྱད་འཇོག་ཚད་འཇལ་བྱེད་པ་སོགས་བྱས་ཏེ། ལས་དོན་ཁག་སོ་སོ་སྔར་ལས་གཟབ་ནན་གྱིས་སྒྲུབ་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྔོན་དུ། ཁྲིན་ཀང་ད་དུང་ཀྲུང་ཁྲོན་ཡུལ་ཚོའི་ཅིན་ཐེན་སྡེ་བའི་འཚོལ་སྐྱོབ་ཡུལ་དངོས་སུ་སོང་ནས་ཡུལ་དངོས་ཀྱི་རོགས་སྐྱོབ་འཕེལ་རིམ་ལ་རྒྱུས་ལོན་བྱས་ཤིང་། ཅིན་ཐེན་སྡེ་བ་དང་ཀོན་ཐིན་གྲོང་རྡལ་ཀོན་ཏུང་སྡེ་བ། ལ་ཅ་སྡེ་བ་བཅས་ཀྱི་གནོད་ཐེབས་མང་ཚོགས་གཅིག་བསྡུས་ཀྱིས་བདེ་འགོད་བྱེད་ས་ནས། མང་ཚོགས་ཀྱི་འཚོ་བའི་འགན་སྲུང་ལ་ལྟ་ཞིབ་བྱས་ཏེ། འབྲེལ་ཡོད་ལས་སྒྲུབ་མི་སྣར་མང་ཚོགས་བཀོད་སྒྲིག་ལས་དོན་ནན་ཏན་དང་ཞིབ་མོར་སྒྲུབ་དགོས་པའི་མངགས་བཅོལ་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་གྱི་མགོ་ཁྲིད་དབྱང་ཧྥ་སིན་དང་། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་ཚོགས་འདུར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།