ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 177

ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།  

ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།  ཁོང་གིས་བློ་མཐུན་མའོ་ཙེ་ཏུང་ནི་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་འཐབ་ཇུས་པ། གཞུང་ལུགས་པ་བཅས་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རླབས་ཆེན་གསར་འབྱེད་པ་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་གི་རླབས་ཆེན་རྨང་འདིང་མཁན། ཉེ་རབས་ཚུན་གྱི་ཀྲུང་གོའི་རླབས་ཆེན་གྱི་རྒྱལ་གཅེས་པ་དང་མི་རིགས་ཀྱི་དཔའ་བོ་དང་ཏང་གི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་རབས་དང་པོའི་སྲོག་ཤིང་། ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་མི་དམངས་ཀྱི་ལས་དབང་དང་རྒྱལ་ཁབ་ཀྱི་རྣམ་པར་འགྱུར་བ་བཏང་བའི་རླབས་ཆེན་མི་སྣ། འཛམ་གླིང་སྟེང་གཉའ་གནོན་མྱོང་བའི་མི་རིགས་ཀྱི་བཅིངས་འགྲོལ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཆེད་བྱས་རྗེས་ཆེན་པོ་བཞག་པའི་རླབས་ཆེན་རྒྱལ་སྤྱི་རིང་ལུགས་པ་བཅས་ཡིན། མའོ་ཙེ་ཏུང་གི་དགོངས་པ་ནི་ང་ཚོའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། དགོངས་པ་དེས་ང་ཚོའི་བྱ་སྤྱོད་ལ་དུས་ཡུན་རིང་བོར་སློབ་སྟོན་གནང་ཡོད། བློ་མཐུན་མའོ་ཙེ་ཏུང་ལ་རྗེས་དྲན་བྱེད་སྟངས་ཡག་ཤོས་ནི་ཁོང་གིས་གསར་གཏོད་གནང་བའི་བྱ་གཞག་མུ་མཐུད་གོང་སྤེལ་བྱ་རྒྱུ་དེ་ཡིན་ཞེས་ནན་གྱིས་གསུངས།

ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་རྗེས་དྲན་ཞུས། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཏེན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཏེན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། བློ་མཐུན་མའོ་ཙེ་ཏུང་གི་སྐུ་ཚེ་ཧྲིལ་པོ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་གནང་བ་ཞིག་རེད། ཁོང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་གསར་གཏོད་གནང་བ་དང་། རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་ཡང་དག་པའི་ཀྲུང་གོ་གུང་ཁྲན་ཏང་འཛུགས་སྐྱོང་གནང་བ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་གོ་གསར་པ་བཙུགས་པ་དང་། སྔོན་ཐོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་གཏོད་གནང་ལ། འཐབ་ན་མི་རྒྱལ་བ་མེད་པའི་མི་དམངས་ཀྱི་དམག་དཔུང་གསར་འཛུགས་གནང་ནས། ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ལ་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་མཛད་རྗེས་བཞག་པ་དང་། འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བློ་མཐུན་མའོ་ཙེ་ཏུང་གིས་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་ཏང་དང་མི་དམངས་ལ་ཕངས་མེད་དུ་ཕུལ་ནས། རྗེས་རབས་པས་བརྗེད་ཐབས་བྲལ་བའི་བསམ་པའི་ཉམས་འགྱུར་བསྐྲུན་ཡོད། བློ་མཐུན་མའོ་ཙེ་ཏུང་མཆོག་གིས་གསར་བརྗེའི་རླབས་ཆེན་གཙོ་འཛིན་ཞིག་ལ་མངའ་བའི་ཆབ་སྲིད་ཀྱི་གཟིགས་རྒྱང་རིང་པོ་དང་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་དད་སེམས། གསར་གཏོད་བྱེད་ཕོད་པའི་བློ་སྟོབས་ཆེན་པོ། ཞུམ་མེད་མདུན་སྐྱོད་བྱེད་ཕོད་པའི་འཐབ་རྩོད་ཀྱི་སྒྱུ་རྩལ། བླ་མེད་ཁྱད་འཕགས་ཀྱི་མགོ་ཁྲིད་འཇོན་ཐང་། ཡངས་ཤིང་ཆེ་བའི་བློ་ཁོག དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་བཟང་པོ་བཅས་གསལ་སྟོན་གནང་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་གོང་བཀུར་དང་དད་གུས་ཆེན་པོ་ཐོབ་པ་དང་། བློ་མཐུན་མའོ་ཙེ་ཏུང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་ནི་དུས་ནམ་ཡང་ང་ཚོ་མུ་མཐུད་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ལས་འགན་གཙོ་བོ་ཡིན་ལ། དེ་ནི་མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པ་ཚོས་རྗེས་རབས་པར་བཞག་པའི་བྱ་གཞག་ཡིན་ལ། དེང་རབས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཀྱང་ཡིན། སྐྱོད་ལམ་གསར་པའི་སྟེང་དུ་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་ལོ་རྒྱུས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ལ་སྟངས་འཛིན་ཡང་དག་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་མི་དམངས་ཡོངས་ཀྱི་བྱ་གཞག་ཅིག་ཡིན་པས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་དགོས་པ་དང་། མི་དམངས་ཁྲོད་གནས་པའི་འཛད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཚང་མ་གཅིག་སྡུད་བྱེད་པ། མི་དམངས་ཡོངས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་འཕེལ་བར་བྱེད་དགོས། མི་དམངས་ནི་ལོ་རྒྱུས་ཀྱི་རྩ་བའི་སྒུལ་ཤུགས་གསར་གཏོད་བྱེད་མཁན་ཡིན་པའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་། མི་དམངས་ཀྱི་རང་བདག་གོ་གནས་རྒྱུན་འཁྱོངས་བྱེད་པ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་ཡག་པོ་དང་མངོན་འགྱུར་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་དེ་ནི་བྱ་བ་ཐམས་ཅད་ཀྱི་གཞི་འཛིན་ས་དང་དོན་གྱི་འབབ་སར་བརྩིས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་ཕན་པ་གང་མང་ཐོབ་པར་བྱེད་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་སྣོན་པ། དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་སྟེང་གང་ལེགས་སྒོས་བསྐྱོད་པ། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་ཐོག་མཐའ་བར་གསུམ་དུ་དང་ལེན་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་རྒྱུན་གཅིག་གྱུར་དང་སྐྱིད་སྡུག་མཉམ་མྱོང་། གཅིག་སེམས་གཅིག་བརྟེན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདི་ཉིད་བློ་གཏད་ཆོག་ཤོས་དང་དོན་སྙིང་ལྡན་ཤོས། རྒྱུན་རིང་ཤོས་བཅས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་སུ་འགྱུར་བར་འབད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་དང་བབ་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་གཏོང་བ་དང་། ལག་ལེན་གྱི་རྨང་གཞིའི་སྟེང་གི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རང་འགུལ་ངང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཀྱིས་ལག་ལེན་གསར་པར་མཛུབ་སྟོན་བྱེད་པ་ནི། རང་རེའི་ཏང་གིས་ལོ་རྒྱུས་ཀྱི་རང་འགུལ་ལ་སྟངས་འཛིན་ཡང་དག་བྱེད་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པ་བཅས་ཀྱི་ལེགས་འགྲུབ་བྱུང་བའི་བགྲོད་ལམ་ཡིན། ལག་ལེན་ལ་འཛད་མཐའ་མེད་པ་དང་གཞུང་ལུགས་གསར་གཏོད་ནི་འཛད་མཐའ་མེད་པ་ཞིག་ཡིན་ལ། བདེན་དོན་ལ་ངོས་ཟིན་རྒྱུ་ནི་དུས་ནམ་ཡང་འཛད་མཐའ་མེད་པ་ཞིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་བསྐྲུན་པ་དང་། སྔར་ལས་སྣེ་མང་དཀའ་ཚེགས་ཀྱི་ལས་འགན་གསར་པ་བཏོན་ཡོད། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆོས་ཉིད་འཚོལ་ཞིབ་མཐར་ཕྱིན་བྱེད་པ། ལག་ལེན་དངོས་ལ་འཕྲད་པའི་ཞིབ་འཇུག་བྱ་གཞི་གསར་པར་ལན་ཟམ་མི་ཆད་པར་འདེབས་པ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་གསར་གཏོད་བྱས་པར་བརྟེན་ནས་ལག་ལེན་གསར་གཏོད་ལ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཕམ་གྱི་ཕུ་ཐག་གཅོད་པའི་བྱེད་ཐབས་གནད་འགག་ཅིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་སྔར་ལས་གང་ལེགས་བྱས་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་བྱེད་པ་དང་འཕེལ་བར་བྱེད་དགོས། དུས་རབས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་དང་ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་ལྟོས་གསར་པ་བཅས་དང་འཚམ་པར་འབད་དེ། བཅོས་སྒྱུར་མཐར་ཕྱིན་པ་བྱེད་པའི་ཆོད་སེམས་བརྟན་པོས་དང་བྱེད་ཐབས་རྣལ་མ་གཅོད་པ་དང་། གནད་དོན་ལ་ཁ་གཏད་འཇལ་ཕོད་པ། གནད་སྨིན་ཤུགས་འདོན་དང་། མཐུན་སྦྱོར་ཤུགས་འདོན། རྒྱུན་མཐུད་ཤུགས་འདོན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་དག་མཐའ་གཅིག་ཏུ་སེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྒུལ་ཤུགས་གསར་པ་བསྣན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་བར་སྟོང་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཞིག་ཡིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་མོའི་དམིགས་བསལ་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་གསལ་བོ་དང་ཆོད་སེམས་བརྟན་པོ་རྒྱུན་འཁྱོངས་བྱས་ནས། ཏང་འདི་ཉིད་སྔར་ལས་འགྱུར་མེད་སྟོབས་ལྡན་དུ་བསྐྲུན་ན། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་ལེན་བྱེད་ཐུབ། དུས་རབས་གསར་པའི་ཏང་འཛུགས་སྤྱིའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་ལས་དོན་ཁག་ལ་སྤྱི་འདོམས་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ཏང་གི་རང་ངོས་བབ་གཙང་དང་རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་རྒྱུན་འཁྱོངས་བྱས་ནས། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ནས། དུས་རྣམ་ཀུན་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་རྒྱུན་འཁྱོངས་བྱས་ནས། ང་ཚོའི་ཏང་གི་ངོ་བོ་དུས་ནམ་ཡང་མི་འགྱུར་བ་དང་རང་མདངས་དུས་ནམ་ཡང་རྟག་བརྟན་ཡིན་པ། ཁྱད་ཆོས་མི་འགྱུར་བ་བཅས་ཡོང་བར་འགན་ལེན་ནན་མོ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་ནུས་ཤུགས་མཉམ་འདོན་དང་ལས་འགན་མཉམ་སྒྲུབ་བྱེད་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།”“ཨོ་མིན་པས་ཨོ་མིན་སྐྱོང་བ།”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་ཡང་དག་པ་དང་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཁྲིམས་ལྟར་ཞང་ཀང་དང་ཨོ་མིན་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་སྔར་ལས་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་དོ་དམ་དང་བདག་སྐྱོང་བྱེད་པ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་སྲུང་བྱེད་རྒྱུ་གཉིས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཞང་ཀང་དང་ཨོ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཏིང་ཟབ་པའི་འགལ་བ་དང་གནད་དོན་སེལ་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་སྔར་ལས་སིམ་འདྲེས་གང་ལེགས་ཡོང་བར་བྱེད་དགོས། མེས་རྒྱལ་ཀུན་ནས་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་དང་བདེན་དོན་རྣལ་མ། དམངས་ཀྱི་འདོད་ཕྱོགས་བཅས་ཡིན་པས། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡོང་བར་བྱེད་དགོས་ལ། གཅིག་གྱུར་ཡོང་ཐུབ་པ་ཤ་སྟག་ཡིན། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལག་ལེན་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་གང་ཡང་རུང་བས་བྱེད་ཐབས་གང་རུང་ལ་བརྟེན་ནས་ཐའེ་ཝན་ཀྲུང་གོ་ནས་ཁ་བྲལ་གཏོང་རྩིས་ཀྱི་སྦྱོར་བ་ངན་པ་ཅི་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན་པས། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་སྐུལ་འདེད་ཀྱང་གཏོང་དགོས། ང་ཚོས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་རྒྱུ་དང་། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ འཛམ་གླིང་ཧྲིལ་པོའི་ཤེས་རིག་གྲོས་འགོ་བཅས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། རྒྱུན་སྲིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ང་ཚོས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བློ་རྩ་བརྟན་པོའི་ངང་སྲུང་བ་དང་། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་རྩ་བརྟན་པོའི་ངང་ལག་བསྟར་བྱེད་པ། འཛམ་གླིང་ཧྲིལ་པོ་བཅོས་སྐྱོང་དང་སྒྱུར་བཅོས་བྱ་རྒྱུ་དེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཀྱི་སྣོན་མ་ཡིན་པས། འཕེལ་རྒྱས་ཀྱི་ཚད་ཅི་འདྲ་ཞིག་ཏུ་སླེབས་ནའང་། ཀྲུང་གོས་དུས་ནམ་ཡང་བཙན་དབང་མི་སྤྱོད་པ་དང་དུས་ནམ་ཡང་རྒྱ་སྐྱེད་མི་གཏོང་ཞེས་ནན་གྱིས་གསུངས།

ཚའེ་ཆི་ཡིས་ཚོགས་འདུར་མགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ལ་མགོ་ཁྲིད་གནང་བའི་རླབས་ཆེན་གྱི་ལག་ལེན་ལ་རྗེས་དྲན་ཟབ་མོ་ཞུས་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བཞག་པའི་མཛད་རྗེས་རླབས་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། བློ་མཐུན་མའོ་ཙེ་ཏུང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་ནི་ང་ཚོ་མུ་མཐུད་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཡིན་པ་ནན་གྱིས་བསྟན་ཡོད་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་མའོ་ཙེ་ཏུང་ལ་རྗེས་དྲན་ཞུ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེར་གཟིགས་རྒྱང་རིང་ལ་དོན་སྙིང་གིས་ཕྱུག་པ་དང་། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་པས། རང་རེའི་ཏང་ལ་མཛུབ་སྟོན་བྱས་ནས་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པ་ཚོས་གསར་གཏོད་གནང་བའི་བྱ་གཞག་མུ་མཐུད་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་བསྐྲུན་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ང་ཚོས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་རྒྱུ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་གསུངས།

བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིན་ཧྲན་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རིན་མེའོ་ཧྭ། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཞའོ་མེན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན་ཏང་ཨུ་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་མའོ་ཙེ་ཏུང་གི་གཉེན་ཉེ་དང་དེ་སྔར་ཁོང་གི་གམ་དུ་བྱ་བ་སྒྲུབ་མཁན། ཕ་ཡུལ་གྱི་འཐུས་མི། “རྒྱལ་ཡོངས་ཀྱི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་རྗེས་དྲན་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུར”ཞུགས་མཁན་གྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུ་མ་བསྡུས་པའི་སྔོན་ལ། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མགོ་ཁྲིད་བློ་མཐུན་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་དུ་ཕེབས།  ཚོམས་ཆེན་བྱང་མ་རུ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་དང་། དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མ་གཏོགས་པའི་རྒྱལ་གཅེས་མི་སྣ་བཅས་ཀྱིས་ཕུལ་བའི་མེ་ཏོག་ཕྲེང་བ་དག་བློ་མཐུན་མའོ་ཙེ་ཏུང་མཆོག་གི་སྐུ་བརྙན་མདུན་དུ་བཤམས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་མཆོག་གི་སྐུ་བརྙན་ལ་གུས་འདུད་ལན་གསུམ་ཞུས་རྗེས། གུས་མཇལ་ཁང་དུ་ཕེབས་ནས། བློ་མཐུན་མའོ་ཙེ་ཏུང་གི་སྐུ་བརྙན་ལ་གུས་མཇལ་གནང་།

བན་དེ་སྐྱབས་ཀྱིས་བསྒྱུར།