ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམས་བྱས། 
2023.12.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 55

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམས་བྱས་པར་མ་ཟད་བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཏང་ཀྲུང་དབྱང་གིས་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུར་དམིགས་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་ནས《སྲོལ་ཡིག》ལ་བཟོ་བཅོས་བྱས། 《སྲོལ་ཡིག》ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་གི་སྒྲིག་ཡིག་གི་སྤྱིའི་འབྱུང་རྩ་ནས་འགོ་བརྩམས་ཏེ་ནང་དོན་གཙོ་བོ་ནན་མོ་མཐའ་འཁྱོངས་དང་། གནད་དོན་ཁྲིད་ཕྱོགས་དང་དམིགས་ཚད་ཁྲིད་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས། དུས་བསྟུན་མདུན་སྐྱོད་ངང་སྒྲིག་ཁྲིམས་ཚད་གཞི་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་ལས་གཟབ་ནན་དུ་གཏོང་བ། སྒྲིག་ཁྲིམས་སོ་སོ་ཁྱོན་ཡོངས་ནས་གཟབ་ནན་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ། སྒྲིག་ཁྲིམས་འཛུགས་སྐྱོང་གི་རྩ་ལག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་གཏོད་ཆེད་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་ཏན་བྱེད་པ། ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་སྒྲིག་ཁྲིམས་ཀྱི་འགྱུར་མེད་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཏང་གཤིས་དང་ཏང་སྲོལ་ཏང་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ《སྲོལ་ཡིག》དེ་ཏང་ཡོན་དང་ལས་བྱེད་པར་གསོ་སྦྱོང་བྱེད་སྐབས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཁྲོད་བཞག་ནས་སྒྲིག་བཀུར་ཁྲིམས་སྲུང་གི་རང་རྟོགས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། “རྣམ་པ་རིགས་བཞི”འཕྱུགས་མེད་ངང་སྤྱོད་པ། “དབྱེ་འབྱེད་གསུམ”དོན་འཁྱོལ་བཅས་བྱས་ནས་དོ་དམ་ལྟ་སྐུལ་དང་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱ་རྒྱུ་གཉིས་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གིས་ཏང་གི་སྒྲིག་ཡིག་གིས་སྤྲད་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་ལ་ཤུགས་སྣོན་པ་དང་། འཐབ་རྩོད་བྱེད་མཁས་པར་བྱེད་པ། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ། གནད་ཁེལ་སྒྲིག་བསྟར་བཅས་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་སྐབས་ཀྱི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་རེ་བ་བཏོན།

སྲོལ་ཡིག་འདི2024ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཤ་བོ་གསེར་མཚོས་བསྒྱུར།